གུང་ཧོ་རྫོང་གིས “ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མར་རྡུང་རྡེག་དང་དཔྱིད་རྨོད་འགན་ལེན”གྱི་ཆེད་དོན་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཞིང་སྤྱོད་དངོས་རྫས་ཁྲོམ་རའི་ཚོང་གཉེར་སྒྲིག་གཞི་ཚད་ལྡན་དུ་གཏོང་བ་དང་། ཞིང་སྤྱོད་དངོས་རྫས་རྫུན་མ་དང་སྤུས་ཞན་ཚོང་ཟོག་གཉེར་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ལུད་རྫས་རྫུན་མ་དང་སྤུས་ཞན་ཁྲོམ་རར་འདོན་རྒྱུ་སྔོན་འགོག་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་རྨོད་ལས་ཀ་བདེ་བླག་ཡོང་བའི་འགན་ལེན་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར་གུང་ཧོ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་དཔྱིད་རྨོད་འགན་ལེན”གྱི་ཆེད་དོན་བྱ་སྤྱོད་སྤེལ།

གུང་ཧོ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཚོང་གཉེར་ཚན་པར་གཙང་བཤེར་བྱས་པ་དང་འབྲེལ་ལུད་རྫས་དང་། ཞིང་འཕྲུལ། དེ་བཞིན་ལྷུ་ལག་སོགས་ཀྱི་ཚོང་ཟོག་གཙོ་གནད་ཏུ་བཟུང་ནས་ཞིབ་བཤེར་དང་ཞིང་སྤྱོད་དངོས་རྫས་ཐོན་རྫས་ཀྱི་ཚོང་རྟགས་རྫུན་མར་གཟབ་ནན་གྱིས་ཞིབ་བཤེར་བྱས་ལ། བཟོ་གྲྭའི་མིང་རྫུན་མ་སྤྱོད་པ་དང་། དྲིལ་བསྒྲགས་རྫུན་མ་བྱེད་པ། འདུས་ཚད་མི་འདང་བ། ལྷད་འདུས་རྫུན་བཟོ། སྤུས་ཀ་ཞན་པ། དཔང་ཡིག་མེད་པའི་ཚོང་གཉེར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་སྤྱོད་དངོས་རྫས་བརྒྱུད་ཚོང་བྱེད་མཁན་དང་ཞིང་འབྲོག་མང་ཚོགས་ལ་ཞིང་སྤྱོད་དངོས་རྫས་རྫུན་ལྷད་ཞན་གསུམ་དབྱེ་འབྱེད་བྱེད་པའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁོང་ཚོའི་དོགས་ཟོན་གྱི་འདུ་ཤེས་མཐོ་རུ་བཏང་།

གཞན་ཡང་རྫོང་ཡོངས་སུ་ཕྱིར་ཚོང་བྱེད་པའི་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ཚད་གཞི་དང་མཐུན་པར་འགན་ལེན་བྱ་ཆེད། རྫོང་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཚོང་གཉེར་ཚན་པ7གྱི་ལུད་རྫས་སྤུས་ཚད་ལ་ཞིབ་བཤེར་བྱས་པ་དང་། ད་ལྟ་ལུད་རྫས་རིགས་སྣ་ཚོགས20ལ་ཞིབ་བཤེར་བྱས་ཡོད་ལ། མིག་སྔའི་བར་ལུད་རྫས་ཁག་ཐེངས27གསོག་ཉར་དང་ལུས་རྫས་ཏུན1596.30ཐོ་འགོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།