ལིའུ་ཉིང་གིས་འགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས《དཔྱིད་དུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་མ་འོངས་པའི་ལས་ཀའི་བྱ་ཐབས་གྲོས་གཞི》ཞེས་པ་དང་། 《དཔྱིད་དུས་ཞིང་ཆེན་སྲིད་གཞུང་གིས་ལས་ཀའི་ལས་འགན་བཀོད་སྒྲིག་དང་ལྟ་ཞིབ་གནས་ཚུལ》ལ་གྲོས་ཞིབ་བྱས་པར་མ་ཟད། རྩ་དོན་སྟེང་གྲོས་འཆམ་བྱུང་ཏེ་དམངས་ཕན་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ།བདེ་ཐང་འཛད་སྤྱོད་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། དུས་ཚིགས་དང་པོར་པྲོག་དབྱིབས་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་མདུན་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཏང་ཨུ།ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་བཅས་བྱས་པས། རིམས་ནད་འགོག་སྲུང་བྱ་བར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་ཡོང་བཞིན་ཡོད་ཟེར། 
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་ཚིགས་གཉིས་པ་ནི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལོ་ཧྲིལ་བོའི་དམིགས་ཚད་མཁྲེགས་གཏོར་བྱེད་པའི་དུས་ཚིགས་ཡག་ཤོས་ཤིག་ཡིན་པས། རིམས་ནད་ཀྱིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། བཟོ་ལས་ཐོན་སྐྱེད་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞབས་ཞུའི་ལས་རིགས་སླར་གསོ་བྱེད་པ་དང་། ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ། མ་རྩ་གཏོང་བའི་སྐུལ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ། འཛད་སྤྱོད་མར་འགྲིབ་ཚུལ་ལ་ཚོད་འཛིན་ནུས་ལྡན་བྱེད་པ། ནོར་སྲིད་གཏོང་ཡོང་གི་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་ཏན་ཏིག་གཏོང་བ། ལས་ཞུགས་བརྟན་པོ་དང་མཁོ་སྤྲོད་འགན་ལེན། རིན་གོང་བདེ་འཇགས། ཐོན་སྐྱེད་བདེ་འཇགས་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ལོ་ཧྲིལ་བོའི་དམིགས་ཚད་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཡིད་ཆེས་བརྟན་པོ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། མཐའ་མའི་གདོང་མཆོང་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་ཕན་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ།བདེ་ཐང་འཛད་སྤྱོད་བཅས་དར་སྤེལ་བཏང་ནས།འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། མི་མངོན་པའི་སྟོབས་ཤུགས་འདོན་པ། དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་བསྟར་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་དང་བསྟུན་པ་དང་འཛད་སྤྱོད་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་གཏོང་བ། འཛད་སྤྱོད་གསར་པ་སྐྱེད་སྲིང་དང་རིམ་སྤོར་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཚོད་འཛིན་དང་བསྡམས་བཅད་བྱས་པའི་འཛད་སྤྱོད་དགོས་མཁོ་ཕྱིར་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་དྲ་ཐོག་འཛད་སྤྱོད་ཀྱིས་མཚོན་པའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་དང་འགུལ་ནུས་གསར་པ་འདོན་སྤེལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་ཟེར།
ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།