མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཁ་གཏད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས།

ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཁ་གཏད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འགོ་འཛུགས་ས་གསར་པའི་སྟེང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བསགས་པ། ལས་ཀའི་རྨང་གཞི་ཡག་པོ་བཏིང་ཡོད། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་བཞིན་པའི་གསར་གཏོད་ལས་ཀའི《ལག་བསྟར་བསམ་འཆར》ནང་གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་པ་དེས། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་གྱི་གནས་ཚུལ་དངོས་གང་ལེགས་མཚོན་ཡོད་པས། འགོ་འཛུགས་ས་གསར་པའི་སྟེང་ནས་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་དང་མཛུབ་ཁྲིད་ནུས་ལྡན་ཐུབ་ངེས་རེད། སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། མི་དམངས་སྲིད་གྲོས་ཀྱི་ཐབས་ལམ་ཐོགས་མེད་དང་འབྲེལ་གཏུག་ཁྱབ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་གང་ལེགས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། དམངས་ཀྱི་འདོད་མོས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་ཁྲུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན་རྗེས། ཆེད་དོན་སྙན་ཞུ་ཕུལ་ཏེ་ནན་གྱིས་བསྟན་དོན། འཆར་འགོད་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། སྣེ་ཁྲིད་མངོན་གསལ་དོད་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་རིམ་པ་དེ་བས་ཟབ་པ་དང་། ཆུ་ཚད་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཡིག་ཆ་ཟིན་བྲིས་འགོད་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་བརྒྱད་ཀྱིས་གཏམ་བཤད་གལ་ཆེན་གནངས། ཚོགས་འདུ་མ་བསྡུས་པའི་སྔོན་ལ། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ། ཆེད་དོན་སློབ་སྦྱོང་དང་གྲོས་བསྡུར་ཐེངས་བཞི་བྱས་ནས་གཏམ་བཤད་ཀྱི་དཔྱད་གཞི་བཅུ་གསུམ་གྲུབ་ཡོད།

ཨུ་ཡོན་དང་ཆེད་མཁས་པ་རྣམས་ཀྱིས་བཞེད་དོན།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས། འཆར་འགོད་སྤྱི་འདོམས་ཐད་གསར་འཛུགས་ལས་དོན《ལག་བསྟར་བསམ་འཆར》གང་མགྱོགས་བཏོན་ནས། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་ལས་གཞན། སྟོབས་ཤུགས་ལ་སྐུལ་འདེད་གཏོང་བའི་ཐད་ཏང་གི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་རྨང་གཞིའི་སྟེང་དུ། རིགས་སོ་སོའི་མང་ཚོགས་ཀྱི་གསར་གཏོད་ཧུར་སེམས་ལ་སྐུལ་སློང་བྱ་རྒྱུར་མཐོང་ཆེན་བྱས་ནས། མང་ཚོགས་ཀྱི་རང་བདག་གནས་བབ་མངོན་པ་དང་། ལག་ལེན་གྱི་ཐབས་ལམ་ཐད་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་ཁྱབ་རྒྱ་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན། གསར་གཏོད་བྱ་ཐབས་ཐད། “མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་འདུ་འགོད”དང་མང་ཚོགས་ལ་ཁ་ཕྱོགས་པའི་བྱ་དགའི་སྐུལ་ལྕག་ལམ་སྲོལ་བཙུགས་ནས། གཞི་རིམ་གྱི་གསར་གཏོད་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན། བསམ་བློ་རིག་གནས་འཛུགས་སྐྱོང་ཐད་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མ་ལག་ནང་མཉམ་འདྲེས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་འདུས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན། རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པའི་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱས་ནས། གསར་གཏོད་ལག་ལེན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་གྲོས་འགོ་བཏོན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། མཱ་ཧའེ་དབྱིན། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་སྤྱིའི་རུ་ཁག ཞིང་ཆེན་གསར་འཛུགས་གཞུང་སྒྲུབ་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བློ་མཐུན་དང་ཨུ་ཡོན་ཁ་ཤས། ཆེད་མཁས་པ་སོགས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས། །                                                                                    

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།