མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ད་ལོའི་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྡ་ཁྱབ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་ངམ་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལིག་ཉིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ལ། རྒྱུན་ལས་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིས་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ལིག་ཉིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དམངས་ཀྱི་བདེ་སྐྱིད་ཁམས་བཟང་གི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། རྒྱལ་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་བསྐྱར་འཛུགས་ཀྱི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་སླར་ཡང་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་ལས་ཐོན་བསྐྱར་འཛུགས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྤྱི་འདོམས་དམ་འཛིན་བཟང་པོ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བར་བསྟན།

ལིག་ཉིང་གིས་མིག་སྔའི་རང་ཞིང་གི་བདེ་འཇགས་ཐོན་སྐྱེད་ལ་འཕྲད་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བར་དམ་གྱིས་དམིགས་པ། ལས་ཐོན་བསྐྱར་འཛུགས་བྱ་རྒྱུར་དམ་པོར་དམིགས་པ། བདེ་འཇགས་དོགས་ཟོན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། ལས་འཛོལ་ཚབས་ཆེན་གྱི་དོན་དག་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་བཅོས་སྒྲིག་ཞིབ་ཚགས་བྱས་ཏེ་ལྟ་སྐུལ་དོ་དམ་དང་ཞབས་ཞུ་གལ་ཆེན་གཉིས་མཉམ་དུ་གཙོ་གནད་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ཏེ་རང་བྱུང་གི་གནོད་འཚེ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྒྲིག་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཏན་ཏིག་གིས་སྤེལ་དགོས། འགོ་ཁྲིད་ཀྱི་འགན་འཁྲི་དང་། ཁོངས་གཏོགས་དོ་དམ་གྱི་འགན་འཁྲི། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་པའི་འགན་འཁྲི་བཅས་དོན་འཁྱོལ་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཅན་གྱི་བདེ་འཇགས་དོ་དམ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ། སྔར་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། སྔར་བས་ནུས་ལྡན་གྱི་བྱེད་ཐབས། སྔར་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་སྒྲུབ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱལ་ཁ་གཉིས་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བརྟན་པོ་ཞིག་བསྐྲུན་དགོས་པར་ནན་གྱིས་བསྟན། །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།