དཔལ་ཐང་ཆུ་བོའི་འགྲམ་ནས་ངས་ཡུས་ཧྲུའུ་གསར་པ་མཐོང་བྱུང་།

ལོ་ངོ་བཅུའི་སྔོན་ལ། གླུ་གར་གྱི་ཕ་སར་གྲགས་པའི་ཡུས་ཧྲུའུ་གྲོང་ཁྱེར་དུ་ཡ་ང་བའི་ས་ཡོམ་ཆེན་པོ་བྱུང་ཞིང་། མིའི་ཚེ་སྲོག་དང་རྒྱུ་དངོས་ཐད་ལ་གྱོང་གུད་ཆེན་པོ་ཐེབས་ནས། རེ་ཞིག་ཁོ་ཚོའི་གླུ་སྐད་འགགས་ཤིང་གར་གྱི་སྟངས་སྟབས་ཉམས་ནས་མི་སེམས་སྐྱོམ་པའི་སྡུག་བསྔལ་བྱུང་བ་རེད།

འདས་པའི་ལོ་ངོ་བཅུའི་རིང་ལ། ཞིག་རོ་དང་གྱང་ཆག་ཁྲོད་མིང་ཙམ་དུ་ལུས་པའི་མཁར་གྲོང་འདི་ཡང་བསྐྱར་མཛེས་སྡུག་ལྡན་པའི་མཁར་གྲོང་གསར་པར་བསྒྱུར་ཅིང་།གནོད་ཐེབས་མང་ཚོགས་བདེ་སྐྱིད་ལྡན་པའི་ལམ་ལ་ཆས་ཏེ་ཡུས་ཧྲུའུ་ཞེས་པའི་མིང་བྱང་རྒྱལ་ཡོངས་ལ་བཀྲམ་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་ལོ་ངོ་བཅུའི་རིང་གྲུབ་འབྲས་གསར་པ་བླངས་ཡོད།

རྒྱལ་ཁ་དང་གྲུབ་འབྲས་ཀྱི་རྒྱབ་ལྗོངས་ན་རོགས་སྐྱོར་གནང་མཁན་བྱམས་བརྩེ་ཅན་མང་པོ་ཞིག་གི་མི་སེམས་སྒུལ་བའི་གཏམ་རྒྱུད་ཡོད།

ཁོ་ཚོ་ནི་ལས་རིགས་སོ་སོའི་རང་འཁྲིའི་ལས་ལ་ཧུར་ཐག་འབད་ཐག་བྱེད་བཞིན་པའི་མི་ཕལ་པ་དག་ཡིན་ལ། ཞིབ་ཏུ་བསམས་ན་ཕལ་པའི་མི་དག་གིས་རང་གི་ཕ་ཡུལ་ལ་ཉིན་མཚན་དབྱེར་མེད་དུ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་གྱིན་པ་འདི་ནི་ངེས་པ་དོན་གྱི་བདེན་དཔང་ཞིག་ཅི་ལ་མིན། དེ་ལས་ཀྱང་ཁོ་ཚོར་གཞན་དང་ཐུན་མོང་མ་ཡིན་པའི་སྤྱི་མཐུན་ཁྱད་ཆོས་ཤིག་མངའ་བ་ནི་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ནས་འདས་པའི་ལོ་ངོ་བཅུའི་རིང་ལ་ཡུས་ཧྲུའུ་གསར་པར་བྱས་རྗེས་བཞག་པ་དེ་རེད།

“ང་སློབ་གྲྭ་ན་ཡོད། དགེ་རྒན་ཞིག་ཡིན།”

115.jpg

ཞོགས་པའི་དུས་ཚོད་ནི་ལོ་ངོ་བཅུའི་སྔོན་གྱི་ནངས་མོ་དང་འདྲ་བར་ཏག་ཏག་ཆུ་ཚོད་བདུན་དང་ཕྱེད་ཀར་ཁེལ་ཡོད། དེ་རིང་གི་ཞོགས་པར་སྨྲེ་སྔགས་འདོན་མཁན་མེད་པར། དཔལ་ཐང་ཆུ་བོའི་འགྲམ་དུ་འཚོ་བ་རོལ་བཞིན་པའི་མང་ཚོགས་རྣམས་འཚོ་བ་གསར་པ་ཞིག་གི་རུམ་ཁ་ནས། བློ་བདེ་བག་ཕེབས་ངང་རྨི་ལམ་གྱི་ཞིང་ཁར་འགྲིམས་ཡོད།

ཡིན་ཡང་། ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་སྒོ་ཁ་རུ། དགེ་རྒན་ལྷུན་གྲུབ་ཚེ་རིང་གི་བཀོད་སྒྲིག་འོག་སློབ་མ་རྣམས་གྲལ་བསྒྲིགས་ནས་སློབ་གྲྭའི་སྒོ་ཆེན་ནང་འགྲོ་བཞིན་འདུག

སློབ་མ་རྣམས་སྒོ་ཆེན་དུ་འཛུལ་སྐབས་བྱ་བའི་གོ་རིམ་ལོ་སྔོན་མ་དག་དང་མི་འདྲ་བར་སྣ་གཅིག་ལྷག་ཇེ་མང་དུ་སོང་ཡོད་པ་འདྲ། དེ་ནི་ལྷུན་གྲུབ་ཚེ་རིང་སློབ་གྲྭའི་སྒོ་ཆེན་གྱི་ནང་ལོགས་སུ་ཡོད་པའི་སྦྲ་གུར་དཀར་པོ་དེའི་མདུན་དུ་འགྲེང་ནས། སློབ་མ་རེ་རེའི་ཁ་ཐུམ་བརྒྱབ་ཡོད་མེད་དང་། ལུས་པོའི་ཚ་གྲངས་ལ་བརྟག་དཔྱད་བྱས་རྗེས་ཟིན་ཐོར་འགོད་ཀྱིན་པའི་སྣང་ཚུལ་དེ་རེད།

འདི་ལྟར་དུས་ཚོད་ཕྱེད་ཀ་ཙམ་འགོར་རྗེས། ལྷུན་གྲུབ་ཚེ་རིང་སློབ་ཁང་རེ་རེའི་ནང་ཕྱིན་ནས་སློབ་ཁང་གི་གཙང་སྦྲ་དང་སློབ་མའི་ཀློག་འདོན་ལ་ལྟ་རྟོག་བྱེད་པ། དེ་མིན་ནད་ཡམས་ཀྱི་ཉེན་ཁ་དང་། ནད་ཡམས་འགོག་བཅོས་བྱེད་ཐབས་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད།

སློབ་ཐུན་དང་པོ། དྲིན་གཟོ།

སློབ་ཐུན་གཉིས་པ།ཕུགས་བསམ།

སློབ་ཐུན་གསུམ་པ།རྩོམ་ཡིག་འབྲི་བ།

......

འདི་ལྟར་ཉིན་གང་པོར་སློབ་ཁྲིད་བྱེད་པ་དང་། ལས་བྱར་དག་བཅོས་བྱེད་པ། སློབ་གསེང་བྱ་འགུལ་སྤེལ་ནས་ལོ་ངོ་བཅུའི་རིང་ལ་སློབ་མ་མང་པོར་མདུན་ལམ་ཡག་པོ་བསྐྲུན་པ་རེད།

མི་མང་པོ་ཞིག་ཉིན་ཧྲིལ་པོར་ཡང་དང་བསྐྱར་དུ་སློབ་མར་དོ་དམ་བྱེད་པའི་ལས་ཀ་གཉེར་བའི་ལས་རིགས་འདི་ལྟ་བུར་སུན་སྣང་སྐྱེ་སྲིད་མོད། ཁོ་དེ་ལས་ལྡོག་སྟེ་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཡངས་ཤིང་གསལ་བའི་སློབ་ཁང་དུ་སློབ་ཁྲིད་བྱེད་རྒྱུར་དགའ་པོ་ཡོད་པས། ཁོས་ནམ་ཡང་རང་གི་ལས་ཀ་དེར་ལེ་བདའ་བྱས་མ་མྱོང་།

“ང་རྟ་རྒྱུག་ཐང་ན་ཡོད། ཁོར་ཡུག་གཙང་སྦྲ་པ་ཞིག་ཡིན།”

116.jpg

ནངས་ཇ་སྟབས་བདེ་ཞིག་འཐུངས་རྗེས། ད་ལོ་ལོ54ལ་སླེབས་པའི་སྐྱེ་རྒུ་གྲོང་རྡལ་བཀྲ་ཤིས་དར་ཐང་སྡེ་བའི་ཁོར་ཡུག་གཙང་སྦྲ་པ་ལོ་རྒྱལ་གྱིས་ལག་ཏུ་ཕྱགས་མ་དང་ཕྲག་ཏུ་ལྕགས་ཁེམ་ཁུར་ནས་ཁོའི་གཙང་སྦྲ་བྱེད་སའི་ལམ་དེར་ཕྱིན།

ནངས་མོ་དེར་རླུང་བུ་ལྡང་ཞིང་ཁ་ཆར་འདྲེས་མ་འབབ་ཀྱིན་ཡོད་མོད། ཁོའི་གོམ་སྒྲ་དེ་རྒྱུན་ལྡན་དང་མི་མཚུངས་པར་མགྱོགས་མོར་སྐྱེ་རྒུ་གྲོང་རྡལ་གེ་སར་རྟ་རྒྱུག་ཐང་གི་ཕྱོགས་སུ་ཕྱིན་པ་ན་ཤུལ་དུ་ལུས་པ་ནི་ཁོའི་རྐང་རྗེས་ནར་མོ་དེ་ཡིན།

ཁ་བ་འབབ་ཐེངས་རེར་ཕྱིར་བགྲོད་མི་སྣའི་བདེ་འཇགས་བསམས་ནས་འདི་ལྟར་སྔ་མོ་ནས་ལས་ཀར་ཞུགས་པ་བགྲང་གིས་མི་ལང་།

ཁོའི་ལས་ཀ་འདི་ལ་མི་མང་པོས་དོ་སྣང་བྱེད་ཀྱིན་མེད་པ་དང་། ཉིན་གང་པོར་རླངས་འཁོར་ཕར་འགྲོ་ཚུར་འོང་མང་བའི་གྲོང་ཁྱེར་དུ། ཁོར་ཡུག་གཙང་སྦྲ་བྱེད་སྐབས་ཉེན་ཁ་ཆེ་བའི་སྐོར་ལ་བསམ་བློ་གཏོང་མཁན་ཡང་དེ་འདྲའི་མང་པོ་མེད་ནའང་། ཁོས་ནམ་ཡང་ཁོར་ཡུག་གཙང་སྦྲ་བྱེད་པར་མི་རེར་འགན་འཁྲི་ཡོད་ཅེས་པའི་གསོན་ཉམས་ལྡན་པའི་སྐད་ཆ་དེ་ད་ལྟའི་བར་སེམས་ནས་བོར་མ་མྱོང་།

ས་ཡོམ་བྱུང་རྗེས། མི་མང་པོ་དང་བླངས་ཞབས་ཞུ་པའི་ནང་ཞུགས་ནས་ཁོར་ཡུག་གཙང་སྦྲའི་ལས་ཀར་བྲེལ་བའི་སྣང་ཚུལ་མཐོང་དུས། སྐབས་དེར་ལོ་བཞི་བཅུར་བུད་པའི་ལོ་རྒྱལ་ཆོད་སེམས་བརྟན་པོའི་སྒོ་ནས་ཁོར་ཡུག་གཙང་སྦྲའི་ཞབས་ཞུ་རུ་ཁག་ནང་ཞུགས།

ཆོད་སེམས་བརྟན་པོ་དེའི་དབང་གིས་ལོ་ངོ་བཅུའི་རིང་ལ་བསྐྱར་ཟློས་ཀྱི་ལས་ཀ་འདི་བསྒྲུབས་པ་རེད།

ལོ་རྒྱལ་གྱིས་བཤད་རྒྱུར། ད་ལྟ་ཞིབ་ཏུ་བསམས་ན། ཐོག་མའི་བསམ་འདུན་མ་བརྗེད་པར་ཁོར་ཡུག་གཙང་སྦྲའི་ལས་རྐང་དུ་ཞུགས་པ་འགྲིག་འདུག་པར་མ་ཟད། ད་དུང་ཟླ་རེར་སྒོར2600ཡི་ཡོང་སྒོ་ཡོད་པས་ཁྱིམ་གྱི་ཡོང་སྒོ་ཡང་ཇེ་མང་དུ་སོང་ཡོད།

ཉིན་གུང་ཟ་མ་ཟ་བའི་དུས་ཚོད་ཐོན་ལ་ཉེ་རུང་། ལོ་རྒྱལ་དང་ལས་གྲོགས་ཚོས་སྔ་དྲོའི་དུས་ཚོད་བེད་སྤྱད་ནས་བཏུས་པའི་གད་སྙིགས་རྣམས་གད་སྙིགས་གཙང་སེལ་བྱེད་སའི་ར་བར་བསྐྱལ་རྗེས། མུ་མཐུད་དུ་ཕ་གའི་རི་འདབས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱེད་སའི་ས་ཚིགས་དེར་གཟས་ནས་བུད་སོང་།

ལོ་རྒྱལ་ཉིན་རེའི་ལས་ཀ་མཇུག་རྫོགས་ནས་ཕྱིར་ཁྱིམ་དུ་ལོག་སྐབས། ཉིན་རེར་ཁོར་ཡུག་གཙང་སྦྲ་ཇེ་ལེགས་སུ་འགྲོ་བཞིན་པའི་སྣང་ཚུལ་མཐོང་དུས་ཁོའི་གདོང་ལ་དགའ་ཉམས་ཤིག་ཤར་འདུག

“ང་སྟག་སྡེར་ལམ་ན་ཡོད། རླངས་འཁོར་ཁ་ལོ་པ་ཞིག་ཡིན།”

113.jpg

སྟག་སྡེར་ལམ་ནས་རང་ཉིད་ལ་མཁོ་བའི་དངོས་པོ་འགའ་ཉོས་ནས་ཕྱིར་མགྲོན་ཁང་དུ་ལོག་སྐབས། གློ་བུར་དུ་རླུང་གཡུགས་ཤིང་ཁ་བ་བབས་ནས་ང་ཚོའི་འགྲོ་ལམ་བཀག་བྱུང་།

གླ་གཏོང་རླངས་འཁོར་ཞིག་མདུན་དུ་ཡོང་ནས་སྒེའུ་ཁུང་གི་ཤེལ་སྒོ་ཅུང་ཙམ་མར་ཕབ་སྟེ་གདོང་ལ་འཛུམ་གྱིས་ཁེངས་ཞོར“ཁྱོད་གང་ལ་འགྲོ”ཟེར།

“གེ་སར་གསོལ་མགྲོན་ཁང་དུ་འགྲོ་འདོད་པ་ཡིན།”

“འོ། ང་ཚོ་འགྲོ་བའི་ལམ་གྱི་ཁ་ཕྱོགས་གཅིག་པ་རེད།རིན་མེད་སྒོས་བསྐྱལ་ཆོག”

བསོད་ནམས་ཚེ་རིང་ནི་སྐྱེ་རྒུ་གྲོང་རྡལ་དབུལ་སྐྱོར་གཞིས་ཁུལ་གྱི་སྡོད་དམངས་ཤིག་ཡིན་ལ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་ཞིག་ཀྱང་རེད།བསོད་ནམས་ཚེ་རིང་གིས་ལོ་སྔོན་མར“གཅེས་སེམས་རླངས་འཁོར་རུ་ཁག”ནང་ཞུགས་པར་རེ་ཞུ་བྱས་པ་རེད།

ན་ནིང་གི་དབྱར་དུས་སུ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་མ་མཐོ་རྒྱུགས་དང་འབྲིང་རྒྱུགས་ནང་ཞུགས་སྐབས།ཉིན་རེར་སློབ་མ་དང་ཁྱིམ་བདག་མི་ཐེངས་བཅུ་ལྷག་རིན་མེད་དུ་ཕར་སྐྱེལ་ཚུར་ལེན་བྱས་ཏེ། རོགས་སྐྱོར་མཁོ་བའི་མི་ལ་རོགས་རམ་བྱས་ཏེ་རང་ཉིད་ཀྱི་ནུས་པས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་པ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་རེད།

ཡུས་ཧྲུའུ་ལ་ས་ཡོམ་བྱུང་ནས་ལོ་འཁོར་བཅུ་འགོར་བའི་ཉིན་འདི་དག་ལ།གནས་འདིར་ཡོང་བའི་མགྲོན་པོ་ཇེ་མང་ནས་ཇེ་མང་རེད། འགྲུལ་སྐྱེལ་བྱེད་སྐབས་ཕྱི་ཡོང་མགྲོན་པོ་དང་འཕྲད་ཚེ་རིན་མེད་སྒོས་སྐྱེལ་འདྲེན་བྱེད་བཞིན་ཡོད།

“ང་སྨན་ཁང་ན་ཡོད། སྨན་པ་ཞིག་ཡིན།”

114.jpg

ཕྱི་དྲོའི་དུས་ཚོད3སྟེང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་གཞུང་ལས་ཁང་དུ། སྨན་ཁང་གི་ཡོན་ཀྲང་དང་སྨན་སྦྱོར་ལྟེ་གནས། སྨན་ལུམས་ཚན་ཁག་གི་སྨན་པ་བཅས་ཀྱིས་ནད་པའི་ནད་ཐོ་དང་། ནད་པའི་ནད་ཀྱི་གནས་ཚུལ་ལ་ཞིབ་དཔྱད་ཐེངས་ཤིག་བྱས་རྗེས། སླར་ཡང་སྨན་བཅོས་བྱེད་པའི་སྐོར་ལ་གྲོས་བྱེད་བཞིན་འདུག

གལ་ཏེ་ཁྱེད་རང་མི་ཞིབ་ཚགས་ཅན་ཞིག་ཡིན་ཚེ། སྨན་ཁང་དུ་སྨན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་མཉམ་འཇོག་བྱེད་ངེས། སྨན་པ་མང་ཆེ་བ་ལམ་དུ་འགྲོ་དུས་ཧ་ཅང་མགྱོགས། རྒྱུ་མཚན་ནི་ཁོ་ཚོས་དུས་ཚོད་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

ཁོ་ཚོས་གྲོས་བྱས་ཚར་རྗེས་མཉམ་དུ་ནད་ཁང་གི་ཕྱོགས་སུ་བུད་སོང་། ང་ཡང་གོམ་པ་མྱུར་མོར་སྤོས་ནས་ཁོ་ཚོའི་རྗེས་དེད་པ་ཡིན།གསར་འགོད་པ་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་བཅར་འདྲི་བྱེད་ཡུལ་དང་མཉམ་དུ་མགྱོགས་མྱུར་ངང་ཟིན་ཐོར་འགོད་དགོས།

“ཁྲག་ཤེད་རྒྱུན་ལྡན་རེད། ”

“ཁྲག་རིགས་དང་སྙིང་ཁམས་མི་བདེ་བའི་ནད་མེད་གི། ”

སྨན་ལུམས་ཚན་ཁག་གི་སྨན་པ་འབྲུག་འབུམ་བྱམས་ཀྱིས་མིང་མི་ཐོགས་པའི་ནད་པ་ཞིག་གིXའོད་འགྱེད་དང་། CTལ་ལྟ་ཞོར་སྨན་ལུམས་སྡོད་ཁང་གི་ཕྱོགས་སུ་སོང་ནས། ནད་གཡོག་མར་ནད་པའི་གནས་ཚུལ་དང་སྨན་བཅོས་བྱེད་ཐབས་བཀོད་སྒྲིག་བྱས་པ་རེད།

སྨན་པ་པདྨ་རབ་བརྟན་དང་མཉམ་དུ་སྨན་སྦྱོར་ལྟེ་གནས་སུ་སོང་ནས་སྨན་རྫས་སྡེབ་སྦྱོར་སྐོར་ལ་བསམ་ཚུལ་བརྗེ་རེས་བྱེད་བཞིན་མཆིས།

སྐབས་དེར་འབྲུག་འབུམ་བྱམས་ལ་སྔ་རྗེས་སུ་ཁ་པར་ཐེངས་གཉིས་ཡོང་། གཅིག་ནི་ཚན་ཁག་གི་ནད་གཡོག་མས་ཁོ་ཕྱིར་བོས་ནས་སྨན་བཅོས་བྱེད་ཐབས་སྐོར་གྱི་གནད་དོན་འདྲི་འདོད་པའི་དོན་དང་། ཅིག་ཤོས་ནི་གཟའ་འཁོར་སྔོན་མར་ཁ་ཆད་བྱས་ཡོད་པའི་ནད་པའི་ཁ་པར་རེད།

ཁ་པར་ལ་ཉན་ཞོར་ཐོག་ཁང་གི་རྡོ་སྐས་ནས་མར་བབས་ཏེ་ཕྱིར་ཚན་ཁག་གི་ཕྱོགས་སུ་བསྐྱོད།

ཁོ་ཚོས་འདི་ལྟར་སྐར་ཆ་རེ་རེའི་ནང་མིའི་བདེ་ཐང་ལ་བརྩོན་ལེན་བྱེད་ཀྱིན་ཡོད་པས་གོས་དཀར་ཕོ་ཉའི་རྒྱབ་གཟུགས་ནི་ཅི་འདྲའི་མཛེས་པ་ལ་ཨང་།

“ང་སྐྱེ་རྒུ་ལམ་ན་ཡོད། འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡིན།”

111.jpg

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཡོང་བའི་མི་ཞིག་ཡིན་ན། སྐྱེ་རྒུ་གྲོང་རྡལ་གྱི་སྲང་ལམ་སོ་སོའི་བཞི་མདོ་རུ་ལུས་ལ་འགྲིམ་འགྲུལ་ཉེན་རྟོག་ལྭ་བ་གྱོན་པའི་བུ་མོ་སྐོར་ཞིག་ཡོད་པ་མཐོང་ལ། ཁོ་ཚོའི་བྱ་སྤྱོད་དངོས་ཀྱིས་ང་ཚོའི་མིག་དབང་འཕྲོག་པར་བྱེད།

ཁོ་ཚོ་ནི་ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ཡུས་ཧྲུའུ་གྲོང་ཁྱེར་བུད་མེད་རུ་ཁག་གི་བུ་མོ་རྣམས་རེད།ཁོ་ཚོའི་ཁྲོད་དུ་བྱིས་པའི་ཨ་མ་ཡོད་ལ་མོ་གསར་ཡང་ཡོད།

བུ་མོ་ཚོ་མ་གཞི་རང་གི་བཞིན་རས་ལ་གཅེས་སྤྲས་བྱེད་རྒྱུར་དགའ་པོ་ཡོད་རུང་། ཁོ་ཚོས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་ཡོང་ཆེད། དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་དབྱེར་མེད་དུ་ཕ་ཡུལ་གྱི་སྲང་ལམ་བསྲུངས་ནས་ལོ་ངོ་མང་པོ་འགོར་རིང་ལ། ལས་ཀ་དེར་སུན་སྣང་སྐྱེ་མ་མྱོང་བ་རེད།

“ཨ་ཁུ། བདེ་མོ། ལམ་འདི་སློབ་གྲྭའི་སྒོ་ལམ་ཡིན་པས་རླངས་འཁོར་དལ་མོར་བགྲོད་རོགས།”

“སྐུ་ཞབས་ལགས། ཁྱེད་བདེ་མོ། སྐྱོབ་ཐག་ཡག་པོར་རྒྱག་དགོས་པར་མ་ཟད། རྒྱ་ལམ་བཞི་མདོ་རུ་གཡས་གཡོན་ཀུན་ལ་ཡག་པོར་བལྟ་དགོས།”

......

འདི་ལྟར་ཉིན་ཧྲིལ་པོར་ལུས་ལ་ས་རྡུལ་ཆགས་ཤིང་ངོ་གདོང་ནག་པོར་གྱུར་ཡོད་རུང་། གང་དུ་དཀའ་ངལ་ཡོད་དུས་ཁོ་མོ་ཚོ་ས་དེར་སོང་ནས་ཡུས་ཧྲུའུ་བསྐྱར་སྐྲུན་ཐད་བྱས་རྗེས་འཇོག་པར་རང་ཉིད་ཀྱི་སྟོབས་ཤུགས་འདོན་བཞིན་ཡོད།

ཁོ་མོ་ཚོ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཆེས་མཛེས་པའི་ཡུས་ཧྲུའུ་པ་དང་སྐྱེ་རྒུ་མདོ་རུ་བཞད་པའི་སྐལ་བཟང་མེ་ཏོག་གི་ཚོམ་བུ་རེད།

“ང་ཚོ་ཤེལ་དཀར་ལམ་ན་ཡོད། ཞབས་ཞུ་པ་ཞིག་ཡིན།”

112.jpg

སྐྱེ་རྒུ་གྲོང་རྡལ་ཤེལ་དཀར་ལམ་དུ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཧུའེ་རིགས་སྦྱིན་བདག་ཞིག་གིས་གཉེར་བའི་ཟ་ཁང་དུ་མི་མང་པོ་རུབ་ནས་ཟ་མ་ཟ་བཞིན་མཆིས།

ཟ་མ་ཟ་རུ་ཡོང་བའི་མགྲོན་པོའི་རིགས་ལ་རྒྱ་རིགས་དང་ཧུའེ་རིགས། བོད་རིགས་སོགས་ཕྱི་ཡོང་འགྲུལ་བ་མང་པོ་འདུག ཉིན་རེར་འགྲུལ་བ300ལྷག་ཟ་མ་ཟ་རུ་ཡོང་གིན་འདུག

བློ་བཟང་།བོད་རིགས།ལོ25།ཕ་ཡུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་གྱི་མི་ཡིན།ཟ་ཁང་འདིར་ཞབས་ཞུ་ལས་རིགས་གཉེར་ནས་ལོ་ངོ་གཉིས་ལྷག་འགོར་བ་དང་།ཟླ་རེའི་ཟླ་ཕོགས་ལ་སྒོར3600ཡོད་པ་རེད།

ཟ་ཁང་ནང་དུ་ད་དུང་མཱ་ཞའོ་ཁྲིན་དང་ཞའོ་ཧན། ཉི་མ་སོགས་ཞབས་ཞུ་པ་བཅུ་ལྷག་ཡོད།ཚང་མ་ཕན་ཚུན་གཅིག་ཏུ་འདྲིས་ནས་སྤུན་གྲོགས་བཟང་པོར་གྱུར་ཡོད། གཟའ་འཁོར་སྔོན་མར་མཱ་ཞའོ་ཁྲིན་གྱི་ལག་པར་རྨས་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་བློ་བཟང་གིས་འགྲོ་རོགས་བྱས་པ་རེད།

མཱ་ཞའོ་ཁྲིན་གྱིས“སྨན་ཁང་དུ་སེང་རས་ཀྱིས་གཅུད་པ་དང་རྨ་ཁ་འཚེམ་སྐབས་བློ་བཟང་ང་དང་ཁ་བྲལ་མ་མྱོང་བར་མ་ཟད། ཕྱིར་ཟ་ཁང་དུ་ལོག་ནས་ངའི་ལས་ཀ་ཡོངས་ཁོས་འགན་ཁུར་པ་རེད། སྤྱིར་ན་ང་ཚོར་ཁྱིམ་ཚང་གི་ཕུ་ནུ་ལྟ་བུའི་འབྲེལ་བ་བཟང་པོ་ཆགས་ཡོད”ཟེར།

ཞའོ་ཧན།“ང་ཚོ་དུས་རྒྱུན་དུ་མཉམ་སྡོད་བྱས་ཡོད་པས་ཁྱིམ་མི་འདྲ་བར་ཕན་ཚུན་ལ་བདག་སྐྱོང་བྱེད་ཐུབ།”

ཁོ་ཚོ་དུས་རྒྱུན་དུ་མཉམ་དུ་བསྡད་ཡོད་པས་ཁྱིམ་མི་དང་འདྲ་བར་ཕན་ཚུན་ལ་རོགས་རམ་དང་བདག་སྐྱོང་གནང་གིན་ཡོད།

མི་སུ་ཡིན་རུང་ལས་ཀ་དེར་འཇུས་རྗེས་གནོང་འགྱོད་མེད་པར་རང་འགན་རང་གིས་ཁུར་ནས་ཡག་པོར་བསྒྲུབ་དགོས། དེ་ནི་བླ་ན་མེད་པ་ཞིག་ཡིན་ཞེས་བརྗོད་དཀའ་མོད། འོན་ཀྱང་མི་རང་ཉིད་ཀྱི་འགན་འཁྲི་དང་འབྲེལ་བ་དམ་པོ་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།