མཚོ་སྔོན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཡར་སྐུལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་སུ་བཏང་བ།

       རིག་གནས་དང་ཡུལ་སྐོར་གྱིས་ཕན་ཚུན་ལ་ཡར་སྐུལ་བྱས་ཏེ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་པ།

ཟླ་དང་པོར། གུང་ཧོ་རྫོང་ཁོངས་ཀྱི་རྨ་ཆུའི་འགྲམ་དུ་ཁ་བ་ལྷབ་ལྷུབ་ཏུ་བབས་པས་འགྲམ་ངོགས་དེར་གནས་པའི་ཀྱག་ཀྱོག་གི་རི་རྒྱུད་ཁ་བ་དཀར་པོས་ཀུན་ནས་གཡོགས་པ་དང་། སྡོང་པོའི་ཡལ་ག་རླུང་གིས་བསྐྱོན་པས་དལ་གྱིས་འགུལ། རྒན་པ་ལི་ལགས་ཀྱིས་པར་ཆས་ལག་ཏུ་བཟུང་ནས་ཆེས་མཛེས་པའི་ཡུལ་ལྗོངས་པར་དུ་ལེན་བཞིན་གདའ། དེའི་འགྲམ་དུ་ཁོའི་བུ་མོས་ཡུལ་ལྗོངས་རི་མོར་འབྲི་བཞིན་འདུག ཕ་ཡུལ་དང་མཛེས་ལྗོངས། ཉེ་མི་སྟེ“མཛེས་ལྗོངས་ཁྲོད་ཀྱི་མི་མཛེས། ། པིར་རྩེ་འོག་གི་ཡུལ་མཛེས། །”ཞེས་བཀྲ་ཤིས་བདེ་སྐྱིད་ཀྱི་རྣམ་པས་ཁེངས།

ང་རང་ཟུར་གྱི་ལྟ་མཁན་ཞིག་ཡིན་པའི་ཆ་ནས་གོང་གི་དེ་དག་མཐོང་བ་ན་སེམས་སུ་འདི་དག་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཆེས་མཛེས་པའི་ཡུལ་ལྗོངས་མ་ཡིན་ནམ་སྙམ།

རང་ཞིང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་གཏིང་ཟབ་ཏུ་བཅོས་བསྒྱུར་བྱེད་པའི་གོ་རིམ་ཁྲོད་དུ། “འདྲེ་བར་ཕན་ན་འདྲེ་རུ་འཇུག་པ་དང་། འདྲེ་རུ་འཇུག་ཐུབ་ན་འདྲེ་རུ་བཅུག་སྟེ། རིག་གནས་དང་ཡུལ་སྐོར་གཉིས་ཀྱིས་ཕན་ཚུན་ཡར་སྐུལ་བྱེད་པ”ཡི་འདུ་ཤེས་ལྟར། མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བྱས།

མཚོ་སྔོན་གྱིས་རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་བཅོས་བསྒྱུར་བྱེད་པར་ཤེད་ཤུགས་འདོན་པའི་ཁྲོད་དུ་རྗེས་ལུས་ཐེབས་སུ་མ་བཅུག་པར་གོམ་པ་བརྟན་པོས་མདུན་དུ་སྤོབས་པས་བསྐྱོད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ཀྲང་ཉིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་འཕར་གནས་གསར་པ་ཞིག་ཏུ་བརྩིས་ཤིང་། འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་དང་དེང་རབས་ཞབས་ཞུ་ལས་རིགས་སྣེ་ཁྲིད་ཐོན་ལས་སུ་སྐྱེད་སྲིང་བྱེད་པའི་དམིགས་འབེན་དུ་བརྩིས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་དང་། བཅོས་བསྒྱུར་དང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ། ཚོང་ཁྲོམ་ཆེན་མོའི་བདག་ཉིད་སྐྱེད་སྲིང་དང་རྒྱ་བསྐྱེད་པ། ཐོན་ལས་ཀྱི་སྦྲེལ་ཐག་བསྲིངས་ཤིང་རྒྱ་བསྐྱེད་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཚད་བསྟུད་མར་འཕར་དུ་བཅུག་པས།  བརྟན་བརླིང་ཁྲོད་ནས་ཡར་རྒྱས་བརྩོན་པ་དང་བརྟན་བརླིང་ཁྲོད་དུ་ལེགས་པོར་འགྱུར་བའི་སྣང་ཚུལ་མངོན་ཡོད།

ཐོན་ལས་དཔེ་སྟོན་རྟེན་གཞི་ཡིས་རིག་གནས་ཡུལ་སྐོར་གཏིང་ཟབ་ཏུ་འདྲེ་བར་ཡར་སྐུལ་བྱས་པ།

2019ལོའི་ཟླ12པའི་ཚེས15ཉིན། ཐུན་རིན་རྫོང་གཉན་ཐོག་སྡེ་བས་ལོ་རེར་ཐེངས་རེ་སྡུད་བཞིན་པའི་གཏོ་ཡི་དུས་ཆེན་སྤེལ། ལོ་རེའི་ཉིན་དེར་གཉན་ཐོག་སྡེ་བའི་མཐའ་འཁོར་དུ་གནས་པའི་ཡུལ་མི་རྣམས་དང་ས་ཐག་རིང་པོ་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ཡུལ་དེར་འཛོམས་ནས། གཏོ་ཡི་བྲོ་འཆམ་དང་གཏོ་ཡི་དུས་ཆེན་ལ་མྱོང་རོལ་བྱས་ཤིང་། ཡུལ་དེའི་ཐུན་མོང་མ་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་གནས་རོལ་མྱོང་བྱེད་པའི་གོམས་སྲོལ་ཆགས་ཡོད།

རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཏིང་ཟབ་ཏུ་འདྲེ་རུ་འཇུག་པའི་གོ་རིམ་ཁྲོད་དུ། ཐོན་ལས་དཔེ་སྟོན་རྟེན་གཞི་ཡིས་རྒྱལ་ཕམ་ཐག་གཅོད་ཀྱི་ནུས་པ་གལ་ཆེན་ཐོན་ལ། མཚོ་སྔོན་དུ་ཁྱད་ཆོས་དེ་ལྷག་ཏུ་འབུར་ཐོན་རེད།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེད་སྲིང་བྱས་པའི་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི10དང་། ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་དཔེ་སྟོན་རྟེན་གཞི103། ཀྲུང་གོའི་ཞིང་སྡེའི་ཡུལ་སྐོར་གྱི་ཡུལ་སྐོར་པ་འགུགས་པའི་རྟེན་གཞི3། ཞིང་ཆེན་རིམ་པའི་ཡུལ་སྐོར་པ་འགུགས་པའི་རྟེན་གཞི12བཅས་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཁབ་ཀྱི་རིག་གནས་འཛད་སྤྱོད་ཚོད་ལྟའི་གནས་ཀྱི་གྲོང་ཁྱེར་སྐོར་དང་པོའི་གྲས་སུ་ཚུད།

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་དང་ཐུན་རིན་རྫོང་གིས་རེབ་གོང་རིག་གནས་ཐོན་ལས་གླིང་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་སྐུལ་འདེད་བྱས།  མིག་སྔར། རེབ་གོང་རིག་གནས་ཐོན་ལས་གླིང་གི་གཞི་ཁྱོན་རགས་ཙམ་ཞིག་ཆགས་ཡོད་ལ། གླིང་ཁུལ་དུ་རི་མོ་ཁང12དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལྟེ་གནས25། དམངས་ཁྲོད་ཀྱིས་མ་དངུལ་བཏང་ནས་གསར་དུ་ལས་པའི་རི་མོ་ཁང་བཅུ་ལྷག་ཡོད། དེ་དག་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1ལ་ཉེ་བ་བཏང་བ་རེད། གླིང་ཁུལ་དུ་རེབ་གོང་སྒྱུ་རྩལ་ཚོང་གཉེར་བྱེད་པ་གཙོ་བོ་ཡིན་པའི་ཁེ་ལས200ཙམ་ཡོད་པས། ཕན་ལྡན་གྱིས་རྨ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྣེ་འཁྲིད་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་སྔར་བས་མང་པོ་ཞིག་ལ་ལས་ཚུད་ཀྱི་སྟེགས་བུ་བསྐྲུན་ཡོད།

མངོན་མིན་རིག་གནས་ཤུལ་བཞག་ལས་ཤག་གིས་དབུལ་ཐར་ལ་འཚོ་སྟོབས་བསྩལ་པ།

མཚོ་སྔོན་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ལ་འཚོལ་སྙེག་བྱས་ཏེ།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཀྱི་ཐོན་སྐྱེད་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དཔེ་སྟོན་རྟེན་གཞི5དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་ལས་ཤག2། ཞིང་ཆེན་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི7། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་ལས་ཤག6། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་རྟེན་གཞི27བཅས་བཙུགས།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲུའུ་ཀོས་དབྱིན་གྱིས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཚོ་སྔོན་གཙགས་དྲུབ”ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ་དང་དམ་པོར་སྦྲེལ་ནས། མཚོ་སྔོན་གཙགས་དྲུབ་ཀྱི“བཟོ་འགོད་གཅིག་ཅན་བརྒྱད”ཀྱི་ལག་བསྟར་ལ་སྐུལ་འདེད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ནས་ཁེ་ལས6ཞིང་ཆེན་རིམ་པའི་མཚོ་སྔོན་གཙགས་དྲུབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་ཀྱི་ལས་ཤག་སྐོར་དང་པོར་གཏན་འབེབས་བྱས་པ་ཡིན་ཟེར།

ལས་ཤག་སོ་སོས“ཀུང་སི+རྟེན་གཞི+ཞིང་ཁྱིམ”གྱི་དཔེ་དབྱིབས་བྱེད་སྟངས་བརྒྱུད་ནས། ཞིང་སྡེའི་བུད་མེད་རྣམས་ཀྱི་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་ཇེ་མང་དུ་བཏང་ནས། ཁྱིམ་ཚང་གི་ལོ་འཁོར་གྱི་ཡོང་སྒོ་སྒོར་ཁྲི2.5ཡན་ལ་འཕར་བའི་དམིགས་འབེན་མངོན་འགྱུར་བྱས་པས། མཚོ་སྔོན་གྱི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་བ་དང་། རང་ཡུལ་གྱི་མང་ཚོགས་ཁྱིམ་དུ་བསྡད་ནས་ལས་ཀར་ཞུགས་པར་ཕན་ལྡན་གྱིས་སྣེ་འཁྲིད་བྱེད་པ། ཡོང་སྒོ་འཕར་ནས་ཕྱུག་པོར་འགྱུར་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད།

རིག་གནས་ཀྱི་གསར་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིག་གནས་དང་ཡུལ་སྐོར་གྱི་མ་ལུས་ཀུན་འདུས་ལག་བསྟར་བྱས་པ།

དྲ་ངོས་ལྗོངས་ཁུལ་གྲགས་ཅན“ནམ་མཁའི་མེ་ལོང”སྟེ་ཚྭ་ཁ་ཚྭ་མཚོ་ཡིས་ཡུལ་སྐོར་པ་རྣམས་ཀྱི་མིག་དབང་ཕྲོགས། ཡུལ་སྐོར་པ་འབོར་ཆེན་ཞིག་ནམ་མཁའི་མེ་ལོང་ལ་ལྟད་མོར་བལྟ་བའམ་ཡང་ན་དེ་ནས་འདྲ་པར་ཞིག་ལེན་པའི་ཆེད་དུ་ལེ་དབར་ཁྲི་ལས་ཆོད་པའི་ལམ་གྱི་དཀའ་སྡུག་ལ་འཛེམ་དོགས་གང་ཡང་བྱེད་བཞིན་མེད། ཇི་ལྟར་བྱས་ན་ད་གཟོད་ཚྭ་ཁ་ཚྭ་མཚོ་དུས་རབས་དང་ལྷན་དུ་བསྐྱོད་ནས་སྔར་བས་སྐྱེས་སྟོབས་ཀྱི་དཔལ་འབར་ཐུབ་བམ།

མཚོ་སྔོན་ཙུང་ཧེང་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་པས་བཤད་པ་ལྟར་ན། རིག་གནས་ལ་སྔར་བས་གསར་སྐྲུན་གྱི་ཆ་ལྡན་ཆེད། 2019ལོར། ཁོ་ཚོས“ནམ་མཁའི་མེ་ལོང་སྟེ་ཚྭ་ཁ་ཚྭ་མཚོ”ནས་མང་ཚོགས་ཁྲི་ཅན་གྱི་མྱུར་འཁྱུག་བྱ་འགུལ་སྤེལ་བས་ཡུལ་སྐོར་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། དྭངས་གཙང་རྨ་ཆུའི་སྙན་གྲགས་རྒྱས་སུ་འཇུག་ཆེད། རྨ་ཆུའི་ཁ་ནས་རྒྱལ་གཅེས་བརྗོད་དོན་ཡིན་པའི་མཉམ་ལེན་བྱ་འགུལ་སྤེལ། “རོལ་དབྱངས་རྒྱས་འཛོམས་ཏེ་ཕུག་རོན་དཀར་པོའི་མཛའ་གཞས་མཉམ་ལེན་ཚོགས་པ”ཡིས“མཛའ་གཞས”དེ་སྲོལ་རྒྱུན་གྱི་སྣ་གཅིག་དབྱངས་རྟ་ལས་མཆོང་བརྒལ་འབྱུང་ཆེད། “ཨ་ཁ་པད་ལ”ཡི་རིང་ཆ་དང་འདྲེ་རུ་བཅུག་སྟེ་མཚོ་སྔོན་གྱི“མཛའ་གཞས”དེ་དེང་རབས་དར་སྲོལ་གྱི་རྒྱུ་རྐྱེན་དང་འདྲེ་རུ་བཅུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།