རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་མཚོ་སྔོན་ཡན་ལག་ཅུའུ་ཡིས་བྱེད་ཐབས26གིས་མཚོ་སྔོན་གྱི་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་མཚོ་སྔོན་ཡན་ལག་ཅུའུ་ཡིས་ཉེ་ཆར་བྱེད་ཐབས26བཏོན་ནས་ཡན་ལག་ཅུའུ་དང་། ཁོངས་གཏོགས་ཕྱི་དངུལ་དམིགས་བཙུགས་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་རེད།

སྤྱི་ཁོག་ནས་གཟབ་ནན་གྱིས་སྙོམ་སྒྲིག་བྱེད་པའི་དཔྱད་གྲངས་དོན་འཁྱོལ་བྱེད་པ་དེ1ནས1.25ལ་སྤར་བ་དང་། རྒྱལ་ཁབ་ཀྱི་ཐོན་ལས་ཁ་ཕྱོགས་དང་ཚན་རྩལ་གསར་གཏོད་རིགས་དང་མཐུན་པའི་ཁེ་ལས་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱིས་སྲིད་ཇུས་ཀྱི་སྟབས་བདེ་གང་ལེགས་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་ཕྱིར་ལོག་དང་ཕྱི་དངུལ་ཉོ་ཚོང་གི་ཚོད་འཛིན་ཇེ་ལྷོད་དུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ནས། མ་དངུལ་ཕྱིར་གཏོང་དང་ཕྱི་དངུལ་ཉོ་ཚོང་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་། ཆ་རྐྱེན་འཛོམས་པའི་དངུལ་རྩའི་ལས་ཁུངས་ཀྱིས་སྟོང་ཆའི་ས་ཁོངས་སུ་ཕྱི་དངུལ་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། ཁེ་ལས་ཀྱིས་རྒྱལ་མཚམས་བརྒལ་བའི་ཚོང་དོན་མ་འཇོག་ཁྲོད་མི་དམངས་ཤོག་སྒོར་གྱི་རྩིས་ཞུ་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་བཏང་ནས། “ཕྱིར་སྐྱོད་པའི”ཁེ་ལས་ལ་མི་དམངས་ཤོག་སྒོར་གྱི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ། མ་འཇོག་གི་རྒྱབ་ལྗོངས་ངོ་མ་ཡོད་པའི་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཁོངས་གཏོགས་ཀྱི་ལེགས་ཆའི་ཐོན་ལས་ཀྱི་ཕྱི་དངུལ་དོ་དམ་ཞབས་ཞུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

དངུལ་རྩའི་ཚན་རྩལ་དང་ཕྱི་དངུལ་ཚོང་ར་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ་དང་། “མངའ་ཁོངས་བརྒལ་བའི་དངུལ་རྩའི་ཁུལ་འབྲེལ་ཞབས་ཞུའི་ལས་སྟེགས”ཚོད་ལྟ་བྱས་ཏེ། ཁེ་ལས་ཀྱི་ཉོ་ཚོང་མ་དངུལ་མཉམ་འདྲེས་བྱེད་པར་སྟབས་བདེ་བསྐྲུན་དགོས། ཚོང་དོན་གྱི་ཕྱི་དངུལ་གཏོང་འབབ་སྟབས་བདེ་རུ་གཏོང་བའི་ཚོད་ལྟ་ཁུལ་དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱས་ནས། ཁེ་ལས་ཀྱི་འཛིན་ཡིག་གྲ་སྒྲིག་དང་ཞིབ་བཤེར་གཏན་འབེབས་དུས་ཚོད་ཉུང་དུ་གཏོང་རྒྱུ། ཁེ་ལས་ཀྱི་ཕྱི་དངུལ་མ་དངུལ་བེད་སྤྱོད་དོ་དམ་དང་ཕྱི་དངུལ་རྩིས་ཁྲར་དོ་དམ་བྱེད་རྒྱུར་སྔར་བས་སྟབས་བདེ་སྐྲུན་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་གཏོང་དགོས། ས་ཁོངས་སྒོ་འབྱེད་གསར་གཏོད་དང་དམིགས་བསལ་ས་ཁོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྒེའུ་ཁུང་གལ་ཆེན་གཏོད་དགོས།

“དྲ་སྦྲེལ+ཕྱི་དངུལ་དོ་དམ”གྱི་དྲ་ཐོག་ལེགས་ཆ་གང་ལེགས་སྤྱད་དེ་ཕྱི་དངུལ་དོ་དམ་ཞབས་ཞུའི་སྟབས་བདེའི་རང་བཞིན་ཆེ་རུ་བཏང་ནས། ཁྲོམ་རའི་བྱེད་པོའི་ཡིད་ཚིམ་ཚད་དང་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་རྒྱུ། གློག་རྡུལ་ཅན་གྱི་དོ་དམ་འཕེལ་རིམ་མགྱོགས་སུ་བཏང་ནས་ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད་ཤུགས་ཆེན་པོས་ཐུང་དུ་གཏོང་བ་དང་། དུས་མཚུངས་སུ་ཞིབ་བཤེར་གཏན་འབེབས་ཀྱི་གནད་ལ་ཕོག་ཚད་མཐོ་རུ་གཏོང་དགོས། སྡེ་ཁག་ལས་བརྒལ་བའི་མཉམ་ལས་དང་ཕྱི་དངུལ་ཁྱབ་ཁོངས་ཀྱི“ངོ་རྒོལ་གསུམ”གྱི་ལས་དོན་ལ་ཤུགས་བསྣན་ནས། མཐིལ་རྟོགས་རྣམ་པའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུར་འཚོལ་ཞིབ་བྱེད་དགོས། “ཡིད་རྟོན་མཚོ་སྔོན”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཕྱི་དངུལ་དོ་དམ་གྱི་ཁྲིམས་འཛིན་གསལ་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ། དངུལ་རྩའི་ལས་ཁུངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ཏེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།