ལོ་ངོ་བཅུ་ཡི་བསྐྱར་སྐྲུན། འོད་སྟོང་འཕྲོ་བའི་བཞུད་ལམ།

ཆེད(5143028)-20200417105210.jpg

གླེང་གཞི།

ས་ཆེན་གྱི་བརྡབ་གསིག་ཆེན་པོ་དེ་ང་ཚོས་བརྗེད་མེད།

ཚེ་སྲོག་གི་ང་རོས་བསྒུལ་བའི་ཞོགས་པ་དེ་ང་ཚོས་བརྗེད་མེད།

མུན་ནག་གི་རྔམས་ཁ་མཐུག་པའི་ས་སྲོད་དེ་ཡང་ང་ཚོས་བརྗེད་མེད།

ལོ་ངོ་བཅུ་ཡི་ཡར་སྔོན་དུ། ཡུས་ཧྲུའུ་ཞེས་པའི་མཐོ་སྒང་གི་གྲོང་ཁྱེར་འདིར་གོད་ཆག་གནམ་ལ་མི་ཤོང་བ་ཞིག་བྱུང་སྟེ་སྐྱེ་འགྲོ་ཀུན་ལ་བཟོད་གླགས་བྲལ་བའི་སྡུག་བསྔལ་བྱིན། དེ་དུས་ཀྱི་གྱང་ཆག་དང་ཞིག་རོའི་ཁྲོད་ཀྱི་འ་ཟད་འུ་ཐུག་གི་སྐྱ་ཤུར་ཤུར་གྱི་ངོ་གདོང་དག་དྲན་ན་ད་དུང་ཡང་མིག་ལ་མཆི་མ་དབང་མེད་དུ་འཁྱིལ་བར་བྱེད། དྲན་པ་དེ་ནི་འདས་ཟིན་པར་དབང་ལ། དྲན་པ་དེ་ནི་ད་ལྟ་བར་ཡང་དབང་། དྲན་པ་དེ་ནི་ཡུས་ཧྲུའུ་ས་ཡོམ་བརྒྱུད་མྱོང་བ་དང་བརྒྱུད་མ་མྱོང་བའི་མི་ཀུན་ལ་དབང་སྟེ། དྲན་པ་དེ་སོས་དཀའ་བའི་རྨ་ཁ་རྡོག་པོ་ཞིག་དང་འདྲ་བར་རྣམ་ཤེས་ཀྱི་ཟབ་སར་ཡང་ཡང་ཐོགས་འོངས……

ཆེད(5143040)-20200417104828_副本.jpg

ལོ་ངོ་བཅུ་ཡི་རྗེས་སུ་ཡང་བསྐྱར་ཡུས་ཧྲུའུ་ཡི་ཕང་བར་རྡོག་པ་སེམས་ཆུང་ངང་སྤོ་དུས། དྲན་པའི་མཁའ་ངོགས་སུ་སྐྱ་ཐང་ངེར་ལུས་པའི་ཡུས་ཧྲུའུ་ཡི་ངོ་གདོང་ལ་ཡང་བསྐྱར་འཛུམ་མདངས་ཀྱི་གང་བུ་རྣམ་པར་གྲོལ་ཞིང་། ག་ས་ཀུན་ཏུ་གསོན་ཤུགས་ཀྱི་རང་མདངས་མངོན་པར་རྫོགས་ཏེ་ཡུས་ཧྲུའུ་གསར་པ་ཞིག་མིག་གི་རྒྱལ་མོར་ངང་གིས་འཛུལ་འོངས།  དེང་རབས་ཀྱི་བཀོད་པ་རི་རབ་ཀྱི་དཔུང་ལ་འགྲན་ཞིང་། བོད་ལུགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་སྲང་ལམ་རེ་རེ་ནི་ཡུས་ཧྲུའུ་ཡི་ཁྲག་རྩ་ཇི་བཞིན་ཕྱོགས་བཞིར་བརྐྱངས་ཡོད།  དེ་དག་ཡོད་ཚད་ཀྱིས་ཡུས་ཧྲུའུ་ཡི་དགའ་ཞིང་སྐྱོ་བའི་ལོ་ངོ་བཅུའི་རིང་གི་བསྐྱར་སྐྲུན་གྱི་ཉིན་མཚན་གྲངས་མེད་ལ་བདེན་དཔང་བྱེད་ཅིང་། ཡུས་ཧྲུའུ་ལ་ཡིད་ཆེས་དང་སྤོབས་པ། ཡུས་ཧྲུའུ་ལ་རེ་བ་དང་ཕུགས་བསམ་གསར་པ་སྦྱིན།

སྐྱེ་ཁམས་དཔལ་ཡོན་གོམ་རིམ་གསར་པར་སྤོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ།རྨ་ཆུ་དང་འབྲི་ཆུ།དེ་མིན་ཨ་ཤེ་ཡ་ཤར་ལྷོའི་ཆུ་ཆེན་ཏེ་རྫ་ཆུའི་མགོ་ཁུངས་ཀྱང་གནས་འདི་རུ་ཡོད། ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གོང་སྤེལ་ཐད་མཐོང་ཆེན་བྱེད་པ་དང་། སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཡུས་ཧྲུའུ་ལ་ཆུ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག  བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་སོགས་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་འཕེལ་རྒྱུས་ཀྱི་གོ་སྐབས་ལེགས་པོ་སྨིན་པས། ཡུས་ཧྲུའུ་ཁུལ་གྱིས“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཞེངས་ནས། ཆུ་གསུམ་འབྱུང་ཁུངས་ཀྱི་སྲུང་སྐྱོབ་ནི་ཆབ་སྲིད་ཀྱི་མཐོ་ཚད་དུ་བཞག་ནས་རྒྱུན་སྲུང་བྱེད་པ་དང་། འགན་ཁུར་གྱི་མཐོ་ཚད་དུ་བཞག་ནས་ཁག་ཁུར་བྱེད་པ། དམངས་འཚོའི་མཐོ་ཚད་དུ་བཞག་ནས་འགན་སྲུང་བྱེད་པ་རེད། ལོ་འདི་དག་རིང་ཤུགས་ཆེན་པོས་ཆུ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གང་ལེགས་བྱས་པ་དེས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་བླངས་པ་རེད།

ཆེད(5143044)-20200417105602.jpg

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཡུས་ཧྲུའུ་ཡི་ང་རྒྱལ་དུ་རློམ་ཆོག་པའི་ཐོན་ཁུངས་ཡིན་ལ། དེ་འདྲ་ཞིག་ཡིན་པའི་སྟབས་ཀྱིས། གྲོང་ཁྱེར་གྱི་སྐྱེ་ཁམས་ལ་མཐོང་ཆེན་བྱ་རྒྱུ་དེ་ནི། ཡུས་ཧྲུའུ་མི་དམངས་ཀྱི་སེམས་གཏིང་དུ་བརྐོས་ཡོད། ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། “ས་གསེར་འདྲ་བོ”བསལ་ནས་བརླན་སའི་གྲོང་ཁྱེར་སྤྱི་གླིང་བཙུགས་ཤིང་། གྲོང་ཁྱེར་གྱི“ལྗང་མདོག་མ་རྩ”དེ་དངོས་གནས་མང་ཚོགས་ཀྱི“སྐྱེ་ཁམས་བགོ་སྐལ”དུ་འགྱུར་ཏུ་བཅུག

ལོ་རེར་ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་གིས་ནགས་སྲུང་པ་དང་མང་ཚོགས་སྐོར་ཞིག་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལས་གཞི་དྲིལ་སྒྲོག་སློབ་གསོའི་གསོ་སྦྱོང་སྤེལ་བཞིན་ཡོད་ལ། གསོ་སྦྱོང་བྱས་པ་བརྒྱུད། བདག་སྐྱོང་མི་སྣའི་བྱ་བའི་ལས་འགན་སྔར་ལས་ཇེ་གསལ་དུ་གྱུར་ཅིང་། བདག་སྐྱོང་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོར་འདེགས་བྱུང་།

ཆེད(5143046)-20200417105024_副本_副本.jpg

མ་འོངས་པར་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་བརླན་སའི་གྲོང་ཁྱེར་བཟོ་སྐྲུན་བྱ་རྒྱུ་རེད། མཁར་གྲོང་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བརྒྱུད་རིམ་ཁྲོད། མགོ་རྩོམ་ས་མཐོ་བ་དང་། ཚད་གཞི་མཐོན་པོས་སྐྱེ་ཁམས་བརླན་སའི་སྤྱི་གླིང་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་ཡིན་ཞིང་། རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ། ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་ནས། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བའི་ཁོར་ཡུག་སྔར་ལས་ལེགས་པོ་ཞིག་ལ་སྨོན་པའི་རེ་འདུན་བསྐང་རྒྱུ་རེད།

ལོ་མང་རིང་འབད་པ་བྱས་པ་བརྒྱུད། ཡུས་ཧྲུའུ་རུ་ནགས་ཚལ་གྱི་ཁེབས་རྒྱ་དེ2010ལོའི3.2%ནས2019ལོའི3.97%ལ་འཕར་བ་དང་། 2010ལོ་ནས2019ལོའི་བར་རིམ་བསགས་ཀྱིས་ས་རྒོད་ཅན་དང་ས་ནག་ཐང་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་མུའུ་ཁྲི464.73ལ་སླེབས། དེས་སྤྱིའི་རྒྱ་ཁྱོན་གྱི16.7%ཟིན། 2015ལོར་ཀྲུང་དབྱང་གིས་ཆུ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དངོས་འབེབས་བྱས་རྗེས། མི་ཁྲི1.8ལྷག་སྐྱེ་ཁམས་སྤྱི་ཕན་ལས་རྐང་དུ་ཞུགས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས2017ལོར་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་རྒྱལ་ཁའི་ངང་འཛུགས་སྐྲུན་བྱས་པ་ནས། ཁུལ་ཡོངས་སུ་ལྗང་མདོག་ལ་དགའ་བ་དང་ལྗང་མདོག་ལ་སྲུང་སྐྱོང་བྱེད་པ། ལྗང་མདོག་འཛུགས་སྐྲུན་བྱེད་པའི་ཡ་རབས་སྲོལ་བཟང་ཀུན་ལ་ཆགས་དང་ཆགས་བཞིན་ཡོད།

ཆེད(5143030)-20200417104517_副本.jpg

རིག་གནས་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།

ཡུས་ཧྲུའུ་ཁུལ་ནི་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་ཤེས་རིག་དར་ཡུལ་གཙོ་བོའི་གྲས་ཤིག་ཡིན་པར་མ་ཟད། ཁམས་དང་དབུས་གཙང་།ཨ་མདོ་བཅས་ས་ཁུལ་ཆེན་པོ་གསུམ་གྱི་ལྟེ་བར་ཆགས་ཡོད་ལ།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ཁུལ་དང་པོ་དང་རྒྱལ་ཡོངས་ཀྱི་ཨང་གཉིས་པར་བགྲངས་པ་ཡིན། ཡུས་ཧྲུའུ་ཡི་ལོ་རྒྱུས་རིག་གནས་ལ་ཡུན་རིང་བ་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། རིག་གནས་ཀྱི་རིགས་སྣ་མང་བ་བཅས་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན། ད་ལྟ་ཡུས་ཧྲུའུ་ཁུལ་དུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན7དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན49། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བ3། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན2བཅས་ཡོད་པ་རེད། ཡུས་ཧྲུའུ་རུ་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས1དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས11། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་མཚོན་བྱེད་རྒྱུན་འཛིན་པ24། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་མཚོན་བྱེད་རྒྱུན་འཛིན་པ16བཅས་ཡོད། ཞིང་ཆེན་དང་ཁུལ། གྲོང་ཁྱེར་དང་རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མཚོན་པའི་མིང་ཐོའི་ནང་ཚུད་པའི་རྣམ་གྲངས190ཡོད་པ་རེད། དེ་མིན། ཡུས་ཧྲུའུ་ནི་གླུ་གར་དང་།དམངས་ཁྲོད་བཟོ་རྩལ།དམངས་སྲོལ་དུས་སྟོན།ལོ་རྒྱུས་སྙན་རྩོམ་རིག་གནས་སོགས་ཕྱོགས་མང་པོའི་ཐད་ནས་ཡུལ་གཞན་ལས་ཁྱད་དུ་འཕགས་པ་ཞིག་རེད།

ཆེད(5143038)-20200417105502_副本.jpg

2017ལོའི་ཟླ2པར། རིག་གནས་པུའུ་ཡིས་ཡུས་ཧྲུའུ་ནི“བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”དུ་གཏན་འཁེལ་བྱས་པའི་ཚུན་ལ། མང་ཚོགས་ཀྱིས་གསར་སྐྲུན་དང་རྒྱུན་འཛིན་བྱེད་པའི་དངོས་པོ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ནང་དོན་ལ་དམིགས་ཏེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་མྱུར་དུ་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དེ་མཐོ་སྒང་རིག་གནས་ཀྱི་མཚོན་བྱེད་རང་བཞིན་དང་ཁྱད་ཆོས་འབུར་དུ་ཐོན་པའི་ཚོད་ལྟ་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཡུས་ཧྲུའུ་ཡི་རིག་གནས་ནང་དོན་ཕུན་སུམ་ཚོགས་པར་བཏང་།“བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”བཙུགས་པ་དེས། རྒྱལ་ཁབ་རིམ་པ་ནས་ཡུས་ཧྲུའུ་ས་ཁུལ་གྱི་རིག་གནས་དང་སྐྱེ་ཁམས་ཐད་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་པ་མཚོན་ཞིང་། ཆུ་གསུམ་འབྱུང་ཁུངས་ཀྱི་མི་དང་རང་བྱུང་བར་གྱི་འཆམ་མཐུན་ལ་ཚོད་བགམ་ཐེངས་ཤིག་བྱས་པ་རེད་ལ། དུས་མཚུངས་སུ་བོད་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་བོད་ཁུལ་གྱི་རིག་གནས་སྣ་མང་རང་བཞིན་དང་ཁྱད་འཕགས་རང་བཞིན་སྔར་བས་མངོན་པར་བཏོད་པའང་རེད། ཆུ་གསུམ་འབྱུང་ཁུངས་ནི་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་འབྱུང་ཡུལ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་སའི་ཁོར་ཡུག་ཡིན་ལ། ལོ་ངོ་སྟོང་ཕྲག་རིང་། ཡུལ་འདིར་འཚོ་སྡོད་བྱེད་པའི་ཡུས་ཧྲུའུ་ཡི་མེས་པོ་དག་གིས་ངལ་རྩོལ་དང་ཐོན་སྐྱེད་ཁྲོད་ཕུན་སུམ་ཚོགས་པའི་རིག་གནས་བསྐྲུན་ཡོད་པར་མ་ཟད་ཐུན་མོང་མ་ཡིན་པའི་རིག་གནས་དད་མོས་གྲུབ་ཡོད། ཁོང་ཚོས་སྐྱེ་ཁམས་ཁོར་ཡུག་ལ་བརྩི་བཀུར་བྱེད་པ་དང་། རང་བྱུང་དང་འཆམ་མཐུན་མཉམ་གནས་བྱེད་པ་ལ་བརྟེན་ནས་དག་གཙང་གི་གནས་ཡུལ་ཁྱད་པར་བ་ཞིག་བསྐྱུར་བ་རེད། དེས་རང་གི་བུ་རབས་ཚ་རྒྱུད་མ་ཟད་ཆུ་གསུམ་བཞུར་ཁོངས་ཡོངས་ལ་བདེ་སྐྱིད་བསྐྲུན་ཡོད་པ་སྨོས་མ་དགོས། གནས་དེའི་གླུ་གར་དང་། དམངས་ཁྲོད་ལག་ཤེས། དམངས་སྲོལ་དུས་ཆེན། ལོ་རྒྱུས་སྙན་རྩོམ་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་སྐྱེ་ཁམས་རིག་གནས་སྲ་བརྟན་ཞིག་ཆགས་སུ་བཅུག་ཡོད། ཡུས་ཧྲུའུ་ཡི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་དང་རྒྱལ་ཁབ་ཀྱིས་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་ཕྱོགས་སྒོ་མོ་ནས་སྲུང་སྐྱོབ་བྱས་པ་དེས་མ་འོངས་པར་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་མཐུན་རྐྱེན་ལེགས་པོ་སྦྱར་ཡོད་པར་མ་ཟད། ཆུ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དེའི་བཞུར་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་འཕེལ་རྒྱས་ལའང་བྱས་རྗེས་ཆེན་པོ་བཞག

ཆེད(5143034)-20200417105337_副本.jpg

དབུལ་སྐྱོར་འགག་སྒྲོལ་ཐད་གྲུབ་འབྲས་ཆེན་པོ་ཐོབ།

2018ལོ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱིས་དབུལ་ཐར་ལས་འགན་དམིགས་སུ་བཟུང་ནས། དབུལ་ཐར་བྱེད་སྟངས་ཤུགས་ཆེར་བཏང་བ་དང་།དབུལ་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར22.7བཏང་བས། དབུལ་ཕོངས་མི་གྲངས2017ལོའི་མི་ཁྲི6.74ནས་མི་ཁྲི2.64ལ་མར་བབས་པ་དང་། 2019ལོའི་ལོ་མཇུག་ཏུ་དབུལ་ཕོངས་རྩ་བ་ནས་མེད་པར་གཏོང་བའི་དམིགས་འབེན་དང་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ནུས་པ་ཆེན་པོས་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མ་རྩ་སྒོར་དུང་ཕྱུར6.1བཏང་སྟེ་དབུལ་སྐྱོར་གནས་སྤོའི་འཛུགས་སྐྲུན་ལས་འགན་ཐད་བཀོལ། ཉེན་ཁང5677བསྒྱུར་བཀོད་བྱས་པ་དང་། “ཆར་ཟིམ་འཆར་གཞི”ཡི་མ་དངུལ་སྒོར་ཁྲི539.5དངོས་འབེབས་བྱས་ཏེ་མི2214ལ་ལག་རྩལ་གསོ་སྦྱོང་བྱས། ཡུལ་སྐོར་དབུལ་སྐྱོར་ཐད་མ་དངུལ་སྒོར་ཁྲི1800བཏང་སྟེ་བཟའ་བཏུང་དང་། སྡོད་ཁང་། ཚོང་རྒྱག་ས། སྤྲོ་གསེང་བྱེད་ས་སོགས་གཞི་གཅིག་ཅན་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཙུགས་ཤིང་། འགྲིམ་འགྲུལ་དང་ཆུ་བེད། སྡོད་ཁང་། ལས་ཞུགས། བདེ་ཐང་དབུལ་སྐྱོར། གློག་རྡུལ་ཚོང་དོན་དང་སློབ་གསོ་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་བྱས། རོགས་སྐྱོར་སྡེ་ཚན་སོ་སོས་རིམ་བསགས་ཀྱིས་ལས་གཞི30ནང་འདྲེན་བྱས་པར་མ་དངུལ་འབོར་ཆེན་བཏང་བ་དང་། པེ་ཅིན་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་ཡུས་ཧྲུའུ་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་གང་མང་བདམས་མངགས་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱས་པས།རིམ་བསགས་ཀྱིས་ཤེས་ལྡན་མི་སྣའི་རིག་སྟོབས་གསོ་སྦྱོང་ལས་གཞི220སྤེལ།

ཆེད(5143048)-20200417105628.jpg

ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་འགག་སྒྲོལ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆུ་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟ་སྤེལ་བའི་སྲིད་ཇུས་གོ་སྐབས་སུ་བཟུང་ནས། རྩྭ་སའི་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་ཇེ་མང་དུ་བཏང་བས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཕོངས་ཁྱིམ་ཚང་དབུལ་པོ་ལས་ཐར་བ་གཉིས་ཀར་རྒྱལ་ཁ་བླངས།

མཇུག་བྱང་།

ད་ལྟ་ཡུས་ཧྲུའུ་གྲོང་ཁྱེར་ནི་མཐོ་སྒང་གི་སྐྱེ་ཁམས་རྣམ་པའི་ཚོང་ཟོང་དང་གནས་སྐོར་གཞི་གཅིག་ཏུ་འདྲེས་པའི་མཛེས་སྡུག་གི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་ཅིང་། ཆུ་གསུམ་འབྱུང་ཁུངས་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་དང་། མདོ་དབུས་མཐོ་སྒང་གི་གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་བའི་སྔོན་ཐོན་ས་ཁུལ་གྱི་གྲས་སུ་རྐང་པ་སྤོས་ཟིན།

ལོ་ངོ་བཅུ་ཡི་རྗེས་སུ་བ་ཡན་ཧ་རིས་སྔར་བཞིན་རང་གི་ཁྲབ་རྨོག་མནབས་ཤིང་རྒྱལ་མཚན་མཐོ་རུ་བསྒྲེངས་ཏེ་མདོ་དབུས་མཐོ་སྒང་གི་སྒལ་གཞུང་དུ་བརྟན་ལྷིང་ངེར་འགྲེང་།

ལོ་ངོ་བཅུ་ཡི་རྗེས་སུ་དཔལ་ཐང་ཆུ་བོས་ལྷུང་ལྷུང་གི་བཞུར་སྒྲའི་གདངས་ལ་བདེ་སྐྱིད་ཀྱི་འཚོ་བ་འགུག་བཞིན་གནམ་སའི་མཐའ་རུ་རྒྱུག

ལོ་ངོ་བཅུ་ཡི་རྗེས་སུ་སུམ་རྩེན་གནས་ལ་འགྲན་པའི་གྲོང་ཁྱེར་གསར་པ་ཞིག་སྒ་སྐྱེ་རྒུའི་ཕང་བར་རྔམ་བརྗིད་འབུམ་གྱིས་བརྟས་ཏེ་ཀྲོང་ངེར་འགྱིང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།