མཚོ་སྔོན་ཞིང་ཆེན་གྱིས་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁོར་ཡུག་བཅོས་སྐྱོང་གི་དམ་འཛིན་བྱ་གཞིར་བརྩིས་ནས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གྱིས་ཁ་གསབ་བྱས་ཏེ་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་རོང་འབྲོག་པའི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད། 2019ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཚད་མཐུན་མིན་པའི་གད་སྙིགས་བླུགས་གནས175ཕྱོགས་ཡོངས་ནས་གཙང་སེལ་བྱས་ཤིང་དེས་བཅོས་སྐྱོང་བྱ་བའིགནས195བརྒྱ་ཆའི89.7ཟིན།

གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཁུལ་ཡོངས་སུ་གད་སྙིགས་མེད་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། 2019ལོར་ནོར་སྲིད་ཀྱི་ཆེད་དོན་བཅོས་སྒྲིག་གྲོན་དངུལ་སྒོར་ཁྲི7000དོན་འཁྱོལ་བྱས་ནས་མགོ་ལོག་ཁུལ་གྱི་རྫོང6གི་གད་སྙིགས་གཙང་སེལ་དང་བརྒྱུད་འདྲེན་སྒྲིག་བཀོད་མི་འདང་བའི་ཞན་ཆ་ཁ་གསབ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་ཆུ་ཚད་ཇེ་མཐོར་བཏང་བ་རེད། ཚད་མཐུན་མིན་པའི་གད་སྙིགས་བླུགས་གནས་གྲལ་བཤེར་བཅོས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་གིས2016ལོ་ནས2018ལོའི་བར་གྱི་གྲོང་ཚོ་125ཡི་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། གནས67བསྐྲུན་ཟིན་པ་དང་། གནས37སྐྲུན་བཞིན་ཡོད། གནས21སྐྲུན་འགོ་ཚུགས་མེད་པ་བཅས་རེད།

མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་དང་བསྟུན་ནས། རོང་འབྲོག་པའི་སྤྱི་སྤྱོད་གསང་སྤྱོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2019ལོར་སྐྲུན་འགོ་ཚུགས་པའི་གྲོང་གསེབ་སྤྱི་སྤྱོད་གསང་སྤྱོད་ཁང874དང་། དེའི་ཁྲོད་གསང་སྤྱོད་ཁང་820སྐྲུན་ཚར་བ་དང་། ལས་འགྲུབ་ཚད་བརྒྱ་ཆའི93.8ལ་སླེབས་ཡོད་པས། རོང་འབྲོག་ཁུལ་གྱི་གསང་སྤྱོད་ཆ་རྐྱེན་ནུས་ལྡན་ངང་ཇེ་ལེགས་སུ་བཏང་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།