ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན་ནས་ཚེས16ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཐིན་ཅ་ཚའེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་། དགའ་བདེ་རྫོང་། དར་རི་རྫོང་བཅས་སུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དོན་འཁྱོལ་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་དང་། ཁྱད་ལྡན་འབྲོག་ལས་མཉམ་ལས་ཁང་། དབུལ་སྐྱོར་ཐོན་ལས་གླིང་། དེ་བཞིན་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་ཐོན་ལས་འཕེལ་རྒྱས་དང་། སྡོད་ཁང་འགན་ལེན། སྨན་བཅོས་སློབ་གསོ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་གནང་བ་རེད། ཁོང་གིས་མཐོང་རྒྱ་ཡངས་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དག་ཐེར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། འགོ་རྩོམ་ས་མཐོ་ལ་ཆུ་ཚད་མཐོ་བའི་སྒོ་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་གྱི“ལས་གཞི་ཆེན་པོར”འཆར་འགོད་ཡག་པོ་བྱས་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཐིན་ཅ་ཚའེ་ཡིས་མིག་སྔར་ཁུལ་ཡོངས་དབུལ་ཕོངས་ལས་ཐར་ཉེ་ཡོད་པ་དང་དབུལ་ཐར་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་མོད། འོན་ཀྱང་དབུལ་ཕོངས་ལས་ཐར་རྒྱུ་དེ་ཆེས་མཐའ་མཇུག་མིན་པར་འགོ་འཛུགས་ས་གསར་པ་ཞིག་ཡིན་པས། ལྷོད་གཡེང་གི་བསམ་བློ་ཡོད་མི་རུང་བར་ངེས་པར་དུ་རྒྱུན་མཐུད་སྲ་བརྟན་དང་བརྟན་ཐོག་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞན་ཆ་གསབ་པ་དང་ཞན་ཆ་ཉུང་དུ་བཏང་ནས་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་གོ་སྐབས་སུ་བཟུང་ཏེ་གཅིག་ཤེས་ཀུན་གྲོལ་དང་། ཕྱི་ནས་ནང་ཤེས་བར་བྱས་ཏེ་རང་གཤིས་ཀྱི་གནད་དོན་དམ་འཛིན་ནན་པོ་བྱེད་དགོས་ལ་ཕུགས་འདུན་གྱི་དམིགས་ཚད་ལའང་ཇུས་འགོད་བྱས་ཏེ། དག་ཐེར་ལས་དོན་ལ་སྤུས་ཚད་མཐོ་བ་དང་སྤུས་ཚད་ལེགས་པའི་འགན་ལེན་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ལ་ངོས་འཛིན་གསལ་པོ་བྱེད་པ། ཁ་གཏད་རོགས་སྐྲུན་གྱི་ལས་སྟེགས་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་རྒྱ་བསྐྱེད་པར་ཇུས་འགོད་གཏིང་ཟབ་བྱས་ཏེ་གནད་སྨིན་བརྟན་བརླིང་ངང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། ཕྱི་ཚུལ་རིང་ལུགས་དོར་ནས་ཚད་གཞི་དམའ་རུ་མི་གཏོང་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས། གནད་དོན་རྙིང་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་པ་དང་ཕྱོགས་ཡོངས་ནས་ཞིབ་བཤེར་ཡོ་བསྲང་དང་ཁ་གཏད་བཅོས་སྐྱོང་བཅས་བྱས་ཏེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ནུས་ཤུགས་དེ་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་ཐར་བར་བྱེད་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ཐིན་ཅ་ཚའེ་ཡིས་མགོ་ལོག་ཁུལ་དུ་བརྟག་ཞིབ་གནང་བ།