མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ནད་དང་ཐུམ་འབུའི་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་ཟླ་བ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱུགས་རིགས་དབར་གྱི་པུའུ་ལུའུ་ཧྲི་འབུ་ཕྲའི་ནད་དང་ཐུམ་འབུའི་ནད་སོགས་མི་ཕྱུགས་གཉིས་ཀར་ཕོག་པའི་རིམས་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྔོན་འགོག་འདུ་ཤེས་དང་ནད་འགོག་ནུས་པ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་པ། འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པ་དང་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་པ་བཅས་བྱ་ཆེད། ཟླ4ཚེས10ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱུགས་རིགས་དབར་གྱི་པུའུ་ལུའུ་ཧྲི་འབུ་ཕྲའི་ནད་དང་ཐུམ་འབུའི་ནད་འགོག་བཅོས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཧྲང་ཝུའུ་ཀྲོང་གྲོང་རྡལ་ན་བཟང་གྲོང་ཚོར་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཉིན་དེར་ཞིང་ཆེན་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་ནས་མང་ཚོགས་ལ《སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པ་དང་། པུའུ་ལུའུ་ཧྲི་འབུ་ཕྲའི་ནད་དང་ཐུམ་འབུའི་ནད་སོགས་མི་ཕྱུགས་གཉིས་ཀར་ཕོག་པའི་གནོད་འཚེའི་རང་བཞིན་དང་འགོག་བཅོས་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས། ཡུལ་དངོས་ནས་པུའུ་ལུའུ་ནད་དང་། ཐུམ་འབུའི་ནད་བྱུང་བའི་རྒྱུ་རྐྱེན། བརྒྱུད་མཆེད་ཐབས་ལམ། འགོས་སླའི་མི་ཚོགས། ནད་ཐོག་མངོན་ཚུལ་བཅས་དང་དེ་བཞིན་འགོག་བཅོས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་འགོག་བཅོས་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ཡུལ་དངོས་ཀྱི་མང་ཚོགས་ཀྱི་དྲི་བར་ལན་ཞིབ་ཕྲ་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཚན་རིག་དང་མཐུན་ཞིང་སྐྱོན་བྲལ་གྱི་གསོ་ཚགས་བྱེད་སྟངས་ཁྱབ་གདལ་བཏང་ནས་གསོ་ཚགས་དུད་ཚང་གིས་གསར་དུ་ཉོས་པའི་ཕྱུགས་ཟོག་ལ་ནད་ཡམས་ཞིབ་བཤེར་དང་ཟུར་འཇོག་ལྟ་ཞིབ་ཡག་པོ་བྱས་ཏེ་མི་ཕྱུགས་ལོགས་སུ་དབྱེ་ནས་རང་འགུལ་ངང་རིམས་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་ཁྲིད་བྱས་པ་རེད།

དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་པ་དང་ཞིང་ཆེན་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་ཤོག་བྱང་དང་ལག་གདུབ་སོགས་དྲིལ་བསྒྲགས་དཔྱད་གཞི3000ལྷག་ཙམ་བཀྲམས་པ་དང་འགྲེམས་པང30ལྷག་ཙམ་བཤམས་པར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་འཚང་ཁ་ཤིག་ཤིག་ངང་ཞུགས་ནས་ཞིང་པ་མང་ཚོགས300ལྷག་ཙམ་གྱིས་ཡུལ་དངོས་ཀྱི་དྲིལ་བསྒྲགས་གསོ་སྦྱོང་དང་ལེན་བྱས་པ་རེད།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།