ལིག་ཉིང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཆེད་དོན་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་གྲོས་ཚོགས་ལ་འགོ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་ཉན་པར་མ་ཟད། མིག་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་དང་མ་འོངས་པའི་ལས་དོན་གཙོ་བོར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དུས་རབས་དང་བསྟུན་པ་དང་གོ་སྐབས་དམ་འཛིན་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། གཞི་གྲངས་དཔལ་འབྱོར་ནི་དཔལ་འབྱོར་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པར་མ་ཟད། དེ་ནི་དངོས་པོ་ཐམས་ཅད་གཅིག་ཏུ་སྦྲེལ་བྱེད་ཅིག་དང་དངོས་ཡོད་ཀྱི་ཁྱབ་རྒྱ་ཆེ་བ་ཅན། དྲ་ཐོག་གསར་གཏོད་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྒྱུན་རྣམ་ཞིག་ཏུ་འགྱུར་ངེས་ཡིན། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུ་ནི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤོར་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། བསམ་བློ་གཅིག་གྱུར་བྱེད་པ་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ། རང་འགུལ་ངང་གཞི་གྲངས་ཀྱི་འཕོ་འགྱུར་ལ་འཐམས་པ། གཞི་གྲངས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་རྩེག་སྣོན་དང་ལྡབ་འཕར་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ། གཞི་གྲངས་དཔལ་འབྱོར་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་ཐབས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་ཐབས་ལམ་གསར་པ་བཅས་ཧུར་ཐག་སྒོས་བཏོད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། དགེ་མཚན་དངོས་ནས་རྐང་ཚུགས་པར་བྱས་ཏེ། གཞི་གྲངས་དཔལ་འབྱོར་གྱི་སྐྱེ་ཁམས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། སྔ་མོ་ནས་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ། ཁྱད་ཆོས་འབུར་ཐོན་དང་ཚད་སྤུས་མཉམ་སྤེལ་གྱི་གཞི་གྲངས་དཔལ་འབྱོར་མ་ལག་ཧུར་ཐག་གིས་འཛུགས་དགོས། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རང་ཞིང་གི་ཐོན་ལས་གཞི་གྲངས་ཀྱི་ཚུལ་སྒྱུར་རིམ་སྤོར་ཐེངས་གསུམ་པ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། སྲིད་ཇུས་བེད་སྤྱོད་འདང་ངེས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། བཟོ་ལས་དྲ་སྦྲེལ་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་འཕེལ་རྒྱས་ཧུར་ཐག་བཏང་ནས། རང་རེའི་ཞིང་ཆེན་འདི་ཉིད་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཤོང་ས་གཙོ་བོ་ཞིག་དང་སྲིད་ཇུས་ཀྱི་མཐོ་ས་ཞིག་ཏུ་འགྱུར་བར་བྱེད་དགོས། ཐོན་ལས་རྟེན་གཞི་བསྐྲུན་ནས་ཐོན་ལས་གཞི་གྲངས་ཅན་གྱི་སྒྱུར་བཀོད་ལ་གཅིག་གྱུར་འཆར་འགོད་དང་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། གཞི་གྲངས་ཆ་འཕྲིན་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རང་རེའི་ཞིང་ཆེན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལག་ལེན་གྱི་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་གང་མགྱོགས་བྱས་ཏེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་འཆར་དང་འཆར་འགོད་ཞིབ་ཕྲ་དང་དོན་དངོས་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྲིད་གཞུང་གཞི་གྲངས་ཅན་དུ་བསྒྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྣ་མང་ཐེ་ཇུས་ཀྱི་མཐུན་སྦྱོར་བཅོས་སྐྱོང་མ་ལག་འཚོལ་ཞིབ་བྱེད་དགོས། “སྤྲིན་རྩིས་མཚོ་སྔོན”འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཐོན་ལས་གཅིག་སྡུད་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། 5Gདང་བཟོ་ལས་དྲ་སྦྲེལ། ཁུལ་ཁོངས་འབྲེལ་མཐུད། ཟོག་སྦྲེལ་དྲ་བ་སོགས་ཀྱི“རྨང་གཞིའི་འཛུགས་སྐྲུན་གསར་པའི”ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་གྲངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། ལས་ཀའི་འགན་ནུས་བསྡུ་སྒྲིལ་བྱེད་པ། མཐུན་སྦྱོར་ནུས་ཆེའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། གོང་འོག་མཉམ་འགུལ་དང་གཅིག་གྱུར་སྐུལ་འདེད་གཏོང་བ། འགན་ལེན་ནུས་ལྡན་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས། ཇུས་འགོད་ལེགས་གྲས་ལ་ཤུགས་སྣོན་རྒྱག་པ་དང་འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཇུས་གཞི་བཟོ་བ། གཅིག་གྱུར་དོ་དམ། མཉམ་སྐྲུན་མཉམ་སྤྱོད་བཅས་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དྲ་སྦྲེལ་གྱི་བསམ་གཞིག་དང་གྲངས་ཀའི་གོ་དོན། དཔལ་འབྱོར་གྱི་བྱེད་སྟངས། གསར་གཏོད་ཀྱི་མིག་རྒྱང་བཅས་ལ་བརྟེན་ནས། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། མཉམ་ཤུགས་དང་སྒུལ་ཤུགས། གསོན་ཤུགས་བཅས་མངོན་གསལ་ཆེ་རུ་གཏོང་བར་འབད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན། ལིག་ཐའོ་བཅས་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།