མཚོ་སྔོན་གྱིས་ད་ལོར་ལས་རིགས་ལས་གནས་གསོ་སྦྱོང་ལྟེ་གནས10འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས《བཟོ་ཚོགས་ཀྱི་ལས་ཞུགས་བརྟན་བརླིང་ཡོང་བར་ཞབས་ཞུའི་ལས་དོན་སྔར་བས་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》བསྡུས་རྒྱུ)འགྲེམ་སྤེལ་བྱས་པ་དང་། ལས་ཞུགས་བརྟན་བརླིང་ཡོང་བའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ད་ལོར་གནས་ཡུལ་དང་སྒྲིག་བཀོད། དགེ་རྒན། གསོ་སྦྱོང་བཅས་ཡོད་པའི་ལས་བཟོའི་ལས་རིགས་གསོ་སྦྱོང་རྟེན་གཞི(ལྟེ་གནས)10བཏོད་དེ་གསོ་སྦྱོང་བྱེད་མཁན་མི་ཐེངས5000ཟིན་པ་དང་། སློབ་གསོ་དང་སློབ་སྦྱོང་བྱེད་མཁན་ལས་བཟོ་མི་ཐེངས་ཁྲི10ལ་ཟིན་འཆར་ཡོད། 

ལས་ཞུགས་བརྟན་བརླིང་ཡོང་བའི་ཐད་དྲ་ཐོག་གདན་ཞུའི་ཚོགས་འདུ་འཚོགས་ནས། དྲ་ཐོག་དང་དྲ་ཕྱི་ཕན་ཚུན་གཞོགས་འདེགས་ཀྱིས་རིམ་པ་མང་བའི་ལས་འཚོལ་བྱ་ཐབས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། དམིགས་གཏད་ལས་གནས་ཀྱི་ཆ་འཕྲིན་སྐྱེལ་བ་དང་། གནད་སྨིན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ཆ་འཕྲིན་གསལ་བོས་དྲོ་སྐྱིད་སྦྱིན། བརྩེ་སེམས་ཟབ་མོས་ལས་གནས་བསྩལ”དགོས། དཀའ་ངལ་ཡོད་པའི་ལས་བཟོ་བའི་རོགས་སྐྱོར་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ལས་འཚོལ་ཐོ་འགོད་དང་། ལས་རིགས་མཛུབ་ཁྲིད། ལས་རིགས་ངོ་སྤྲོད། རྩལ་ནུས་གསོ་སྦྱོང་། བཅའ་ཁྲིམས་རོགས་སྐྱོར་བཅས“གཅིག་འཐུས་རྣམ་པའི”ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་སྤེལ་རྒྱུ་རེད། 

དཀའ་ངལ་ཡོད་པའི་ལས་བཟོའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཐད། དཀའ་ངལ་ཡོད་པའི་ལས་བཟོ་བ་ཞབས་ཞུ་བྱ་ཡུལ་གཙོ་བོར་བརྩིས་ནས་ལས་ཞུགས་མེད་པའི་ཁྱིམ་ཚང་དག་འགུལ་རྣམ་གཙང་སེལ་བྱ་རྒྱུར་འགན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱི“221”དངོས་མིང་ཐོ་འགོད་ལམ་ལུགས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་བའི་ལས་ཞུགས་ཞབས་ཞུ་ལག་བསྟར་བྱས་ཏེ། སྒོར་ཁྲི2ཀྱི་ཐོན་སྐྱེད་རྒྱུ་ཆ་དཀའ་ངལ་ཡོད་པའི་ལས་བཟོ་བ20ལ་སྤྲད་ནས་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱས་པ་དང་། སྒོར་ཁྲི2ཀྱི་ལས་གཏོད་་ཁ་གསབ་མ་དངུལ་གྱིས་དཀའ་ངལ་ཡོད་པའི་ལས་བཟོ་བ20ཡི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱས་ཏེ། དཀའ་ངལ་ཡོད་པའི་ལས་བཟོ་བ100ཡི་ལས་ཞུགས་ལས་གཏོད་ཐུབ་པར་རོགས་རམ་བྱས།

གཞན་ཡང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཁེ་ལས་ཀྱི་ལས་བཟོ་བའི་འཐུས་མིའི་ཚོགས་ཆེན་གྱིས་གཞི་རྩའི་རྣམ་པ་བྱེད་པའི་ཁེ་ལས་ཀྱི་དམངས་གཙོའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས། ལས་བཟོ་བའི་ཁེ་ཕན་གྱི་རེ་ཞུ་ཧུར་ཐག་གིས་མཚོན་ཏེ་འབྱུང་རྩའི་ཐོག་ནས་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།