མཚོ་སྔོན་ཞིང་ཆེན་གྱིས“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སྐབས་ལྔ་པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱི་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་སྤྱི་འདོམས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

བྱེད་སྒོའི་ཁྲོད་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་། མ་ལག་ཁག ལས་ཁུངས་ཁག་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་སྒོའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་གཙོ་རྐང་དུ་བྱེད་པ་དང་། 《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང་དེའི་ལག་བསྟར་ཞིབ་སྲོལ་དང《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《རྒྱལ་ཁབ་ཀྱི་གསང་འཕྲིན་བཅའ་ཁྲིམས》སོགས་བཅའ་ཁྲིམས་སྒྲིག་ཁྲིམས་གཙོ་གནད་དུ་བཟུང་ནས་རིམས་ནད་འགོག་བཅོས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། ཏང་ཨུ་(ཏང་རྩ་འཛུགས)ལྟེ་བའི་ཚོ་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་པ་བརྒྱུད། ཞིང་ཆེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་། ཏང་ཡོན་ལས་བྱེད་པའི་ཟུར་ཁྲིད་སློབ་ཁྲིད་སྒྲིག་འཛུགས། ལས་བཟོ་པའི་ཉེན་ཟོན་སློབ་གསོ་སྤེལ་བ། དྲ་ཐོག་དྲིས་ལན་འདེབས་པའི་བྱེད་སྒོ་སྤེལ་བ། རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་སྒྲོམ་སྟེགས་བཟོ་བ། རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་སྒྲིག་ཁྲིམས་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་དང་བཀག་འགོག་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས།

ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས“སློབ་མ་ཁྲི་སྟོང་མང་པོར་བདེ་འཇགས་སློབ་གསོའི་སློབ་ཁྲིད་ཐེངས་གཅིག་འཚོག་པའི”བྱེད་སྒོ་སྤེལ་ནས་རྒྱ་ཆེའི་སློབ་མས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མཚོ་སྔོན་ལ་དགའ་ཞེན་བཅས་བྱེད་པ་ཁྲིད་སྟོན་དུ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་བ་རེད། མཚོ་ཤར་གྲོང་ཁྱེར་གྱི་དཔའ་ལུང་དང་། ཞིན་ཧྭ། ཧུའུ་ཀྲུའུ། ཕིན་ཨན་སོགས་སུ་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་སྤྲད་དེ་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་བྱེད་ལས་བཟོ་པ4300ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ཤེས་བྱ་ཚད་ལེན་ཚོད་ལྟ་བྱས་པ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རྫོང5ཡི་སྲིད་དོན་ལས་སྟེགས་སུ་བོད་རྒྱ་སྐད་གཉིས་ཐོག་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་ནང་དོན་ཁྱབ་གདལ་བཏང་བ་རེད། ན་གོར་མོ་གྲོང་ཁྱེར་གྱི་བཅའ་སྡོད་དཔུང་སྡེས་དམག་དཔུང་གིས་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཧུར་ཐག་གིས་སྤེལ་བ་རེད། མཚོ་བྱང་དང་། མཚོ་ནུབ། རྨ་ལྷོ། མགོ་ལོག ཡུལ་ཤུལ་སོགས་སུ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་འགྲེམས་པང་བཟོས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སློབ་སྦྱོང་སློབ་གསོའི་དགོས་མཁོ་བསྐངས་ཏེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་བ་རེད། །    

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།