ཁོང་ཡུང་གིས་རིམས་ནད་སྐབས་སུ་དཀའ་ངལ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་སྐབས་སུ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་འགན་ལེན་ལས་དོན་ལ་བརྟག་དཔྱད་བྱེད་སྐབས་ནན་གྱིས་བསྟན་དོན། “འདུ་འཛོམས་གསུམ་དང་གཞི་རྩ་གསུམ”གྱི་བླང་བྱ་གལ་ཆེན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བློ་རྩེ་གཅིག་སྒྲིལ་གྱིས་རིམས་ནད་སྐབས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པར་བསྟན།

 ཁོང་ཡུང་དང་བཅས་པ་སྔ་གཞུག་ཏུ་མཁར་བྱང་ཁུལ་འཛུགས་སྐྲུན་སྲང་ལམ་དང་ཤིན་ཧའེ་ཟམ་པ་སོགས་གཞིས་ཁུལ་དུ་སོང་ནས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ལ་འཚམས་འདྲི་ཞུས་པ་དང་། རིམས་ནད་སྐབས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་སུ་དཀའ་ངལ་ཡོད་པའི་གནད་དོན་ཁག་མཐུན་སྦྱོར་ཐག་གཅོད་བྱས། ཁོང་ཡུང་གིས་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་དང་། དམིགས་བསལ་མང་ཚོགས་ལ་དོ་ཁུར་བྱེད་པ་སོགས་ལྷག་པར་དུ་རིམས་ནད་སྐབས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་བྱེད་ཐབས་སོ་སོ་དོན་འཁྱོལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་འགན་ལེན་བྱེད་པའི་མ་མཐའི་འཚོ་བའི་འགན་སྲུང་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་དམངས་སྲིད་ཕྱོགས་ཀྱི་སྟོབས་ཤུགས་འབུལ་དགོས་པར་བསྟན། ཁོང་ཡུང་གིས“ནུས་ཤུགས་ཡོད་རྒུ་དང་གང་ཐུབ་ཅི་ཐུབ་བྱེད་པའི”རྩ་དོན་གཞིར་བཟུང་ནས། “ལྔ་སྐྱོང་ཁྱིམ་ཚང”དང་མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། “རྒན་རྒོན་གཅིག་དང་བྱིས་པ་གཅིག” གཞིས་ལུས་བྱིས་པ་སོགས་གཙོ་གནད་མང་ཚོགས་རིགས་བཞིར་འབུར་ཏུ་ཐོན་པར་བྱས་ནས། དམངས་འཚོ་འགན་ལེན་གྱི་སྲིད་ཇུས་སོ་སོ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་གཞི་གྲངས་ཆེན་མོའི་བྱ་ཐབས་སྤྱད་དེ་རོགས་སྐྱོབ་བྱ་ཡུལ་ངོས་འཛིན་གནད་འཁེལ་བྱེད་པ་དང་། དབྱེ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་པ། རོགས་སྐྱོབ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། རྒྱལ་ཁབ་པུའུ་ཨུ་ལ་སྙན་ཞུ་ཕུལ་བ་དང་འབྲེལ་གཏུགས་བྱེད་པ་སོགས་རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་དམངས་སྲིད་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུར་བརྩོན་ལེན་བྱས་ཏེ་དམངས་སྲིད་ལས་དོན་སོ་སོ་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་ཡིད་ཚིམ་པར་བྱ་དགོས་ཞེས་ནན་གྱིས་བསྟན།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།