ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཉིན་བརྒྱའི་འགག་སྒྲོལ”དང“དཔྱིད་རླུང་གིས་ཁེ་ལས་ལ་དྲོད་སྐྱིད་སྦྱིན་པའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ4བའི་ཚེས14ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2020ལོའི་དཔྱིད་དུས་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱེད་པའི་མཛད་སྒོ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་བྱང་ཁུལ་གསར་དུ་སྤེལ་བ་རེད།
ལས་འགོ་ཚུགས་པའི་མཛད་སྒོའི་ཐོག་ཁུལ་ཡོངས་ཀྱི་རྣམ་གྲངས320གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱས་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར125.6ཟིན་ཡོད། དེའི་ཁྲོད་དུ་མཚོ་ལྷོ་ཁུལ་གྱིས་བསྐྱར་ལས་རྣམ་གྲངས18གཉེར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར97བཏང་བ་དང་། གུང་ཧོ་རྫོང་གི་རྣམ་གྲངས56ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར5.6བཏང་། ཁྲི་ཀ་རྫོང་གི་རྣམ་གྲངས65ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར8.6བཏང་། ཀོས་ནན་རྫོང་གི་རྣམ་གྲངས49ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར4.1བཏང་། ཐུན་ཏེ་རྫོང་གི་རྣམ་གྲངས60ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར3.2བཏང་། བྲག་དཀར་རྫོང་གི་རྣམ་གྲངས72ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར7.1བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་བྱུང་བ་ནས་བཟུང་མཚོ་ལྷོ་ཁུལ་གྱིས་ཕྱོགས་གཅིག་ནས་ཁག་བགོས་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དོན་འཁྱོལ་ནན་མོ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལས་མི་བཀོལ་སྤྱོད་དང་། ས་ཆ་བཀོལ་སྤྱོད། མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། “དཔྱིད་རླུང་གིས་ཁེ་ལས་ལ་དྲོད་སྐྱིད་སྦྱིན་པའི”ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ཕྱོགས་གཉིས་དམ་འཛིན་བྱས་ནས་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བཅས་བྱས་ཏེ། ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། དུས་ཚིགས་དང་པོར་མཚོ་ལྷོ་ཁུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར36བཏང་བ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་སྒོར་དུང་ཕྱུར11བརྒལ་ནས་འཕར་ཚད་ལྡབ1.4ཟིན་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་རྣམ་གྲངས320གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱས་པ།