ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་ཝུའུ་ལན་རྫོང་གི་ལས་གཞི་སྐྲུན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་ཕྱོགས་གཅིག་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི2020ལོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་། ཟླ4པའི་ཚེས15ཉིན་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་ཝུའུ་ལན་རྫོང་གིས་ལོ10རིང་མ་དངུལ་མང་ཤོས་བཏང་བའི་རྣམ་གྲངས་ཏེ་ཚྭ་ཁ་ཏའེ་ཏུའུ་སོག་པོའི་རིག་གནས་ཡུལ་སྲོལ་གོམས་འདྲིས་མྱོང་རོལ་གླིང་གི་འཛུགས་སྐྲུན་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་དེ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་འཚོགས་པ་རེད།

ད་ལོ་ནི་ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ལོ་བཅུའི་རིང་ཀྲེ་ཅང་ཞིང་ཆེན་གྱིས་མ་དངུལ་འཇོག་པ་དང་། དངོས་ཟོག་གི་རྒྱབ་སྐྱོར། རིག་སྟོབས་ཀྱི་རོགས་སྐྱོར། ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་ཝུའུ་ལན་རྫོང་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་དང་། སོག་པོའི་སྨན་ཁང་གནས་སྤོ་འཛུགས་སྐྲུན། ཐག་རིང་འབྲོག་ཁུལ་གྱི་འོད་ཤུགས་ཆུ་འཐེན་སོགས་རྣམ་གྲངས་ཁག་གཅིག་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་པས་ཝུའུ་ལན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། ཚྭ་ཁ་ཏའེ་ཏུའུ་སོག་པོའི་རིག་གནས་ཡུལ་སྲོལ་གོམས་འདྲིས་མྱོང་རོལ་གླིང་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་ལག་བསྟར་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ་ཝུའུ་ལན་རྫོང་ཚྭ་ཁ་དབུལ་སྐྱོར་ཐོན་ལས་གླིང་གི་གཙོ་གནད་རྣམ་གྲངས་གསུམ་གྱི་གྲས་ཤིག་ཀྱང་ཡིན་ཞིང་། རྣམ་གྲངས་ལག་བསྟར་བྱས་པ་དེས་ཝུའུ་ལན་རྫོང་ཞིང་འབྲོག་ལས་གྲོང་ཚོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་བཅས་ལ་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།

ཚྭ་ཁ་ཏའེ་ཏུའུ་སོག་པོའི་རིག་གནས་ཡུལ་སྲོལ་གོམས་གཤིས་མྱོང་རོལ་གླིང་གི་རྣམ་གྲངས་ལ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་བཏང་བའི་ནང་སྐུ་མགྲོན་བསུ་བའི་རྒྱལ་སྒོ་དང་། ཁེ་ཧན་རྒྱལ་པོའི་གསེར་གུར། ཉམས་ལེན་ཁུལ། ཞོར་གཏོགས་སྒྲིག་བཀོད་ལས་གྲྭ་སོགས་ཚུད་ཡོད་པ་རེད། རྣམ་གྲངས་དེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་མཚོ་བོད་ས་མཐོའི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་སྔར་བས་མངོན་པར་བྱས་ནས་ཀྲུང་གོ་དང་ཐ་ན་འཛམ་གླིང་གིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཏའེ་ཏུའུ་སོག་པོའི་རིག་གནས་ལ་དེ་བས་ལེགས་པོའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།