མཚོ་སྔོན་ཞིང་ཆེན་གྱིས་ནེ་པ་ལར་ཁུང་ཙི་སློབ་གླིང་ཐོག་མ་འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར། རྒྱལ་ཁབ་རྒྱ་ཡིག་གཞུང་ལས་ཁང(ཁུང་ཙི་སློབ་གླིང་གི་སྤྱི་ཁྱབ་པུའུ)གིས་ཞིང་ཆེན་སློབ་གསོ་ཐིན་ལ་འཕྲིན་ཡིག་སྤྲིངས་ནས། མཚོ་སྔོན་མི་རིགས་སློབ་ཆེན་དང་ཅང་ཤིས་ཏུང་ཧྭ་རིག་ཚན་སློབ་ཆེན་གཉིས་ཀྱིས་ཐུན་མོང་ཐོག་ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་དུ་ཁུང་ཙི་སློབ་གླིང་འཛུགས་རྒྱུར་མོས་མཐུན་བྱུང་། ཁུང་ཙི་སློབ་གླིང་དེ་ལོ་འདིའི་ནང་སྒོ་བྱང་བཀལ་ནས་སློབ་འགོ་འཛུགས་པའི་འཆར་གཞི་ཡོད། དེས་མཚོ་སྔོན་ཞིང་ཆེན་གྱིས་ཁུང་ཙི་སློབ་གླིང་བཙུགས་མྱོང་མེད་པར་ཐོལ་བརྒལ་བྱུང་བ་དང་། མཚོ་སྔོན་གྱི་དུས་རབས་གསར་པའི“ཁུལ་གཅིག་ལམ་གཅིག”འཛུགས་སྐྲུན་དང་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་གསར་པ་བྱུང་བ་མཚོན་ཡོད། 

ཁུང་ཙི་སློབ་གླིང་ནི་ཕྱི་ཕྱོགས་འབྲེལ་འདྲེས་ཀྱི་འབྲེལ་ཟམ་གལ་ཆེན་དང་། ཀྲུང་ཕྱིའི་སྤྱི་ཚོགས་རིག་གནས་བརྗེ་རེས་ཀྱི་སྒེའུ་ཁུང་གལ་ཆེན་ཡིན་ལ། རྒྱ་ཡིག་གི་རྒྱལ་སྤྱིའི་སློབ་གསོ་སྤེལ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། མིག་སྔའི་བར་འཛམ་གླིང་ཐོག་གི་རྒྱལ་ཁབ(ས་ཁུལ)162སུ་ཁུང་ཙི་སློབ་གླིང550དང་། སློབ་གྲྭ་འབྲིང་ཆུང་དུ་ཁུང་ཙི་སློབ་ཁང1171བཙུགས་ཡོད། རིམ་རྩིས་བྱས་ན་རིགས་སོ་སོའི་སློབ་མ་མི་ཐེངས་ཁྲི916བརྒལ་བ་དང་། རིག་གནས་བྱེད་སྒོ་དང་ལེན་བྱེད་མཁན་མི་ཐེངས་དུང་ཕྱུར1ལས་བརྒལ་ཏེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དགའ་བསུ་ཐོབ་ཡོད། 

མཚོ་སྔོན་མི་རིགས་སློབ་ཆེན་དང་ཏུང་ཧྭ་རིག་ཚན་སློབ་ཆེན་གྱིས་རྒྱལ་ཁབ་ཁུང་ཙི་སློབ་གླིང་སྤྱི་ཁྱབ་པུའུ་ཡི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ནེ་པ་ལའི་ཐེ་ལི་པུའུ་ཝུན་སློབ་ཆེན་དང་མཉམ་དུ་ས་གནས་དེ་གར་ཀྲུང་གོའི་རྒྱའི་སྐད་ཡིག་གི་སློབ་ཁྲིད་དང་། རྒྱའི་སྐད་ཡིག་གི་དགེ་རྒན་གསོ་སྦྱོང་། རྒྱའི་སྐད་ཡིག་རྒྱུགས་ལེན། རྒྱའི་སྐད་ཡིག་དགེ་རྒན་གྱི་ཐོབ་ཐང་ཁས་ལེན་སོགས་ཀྱི་ལས་སྒོ་སྤེལ་བ་དང་འབྲེལ། ཀྲུང་གོ་དང་ལྷག་པར་དུ་མཚོ་སྔོན་གྱི་སློབ་གསོ་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཆ་འཕྲིན་བློ་འདྲི་དང་ཞབས་ཕྱི་སྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།