ཡུས་ཧྲུའུ་ཆུ་དམར་ལེབ་རྫོང་དུ་དབུལ་ཕོངས་བྱུང་ཚད36.04%ནས་གཙང་སེལ་དུ་གྱུར་བ།

༪.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གནད་སྨིན་དབུལ་སྐྱོར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཆུ་དམར་ལེབ་རྫོང་དུ་དབུལ་ཕོངས་བྱུང་ཚད2015ལོར36.04%ཡིན་པ་ནས2020ལོར་སླེབས་སྐབས་དབུལ་ཕོངས་གཙང་སེལ་མངོན་འགྱུར་བྱུང་བ་རེད། ”ཅེས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་རྫོང་དཔོན་ཉི་མ་བཀྲ་ཤིས་ཀྱིས“རྨ་ཆུའི་འགོ་ཁུངས་ཀྱི་རྫོང་དང་པོའི”དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། 

ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་རྨ་ཆུའི་འགོ་ཁུངས་ཀྱི་བོད་རིགས་འདུས་སྡོད་ཀྱི་འབྲོག་ལས་རྐྱང་པའི་རྫོང་དང་པོ་རེད། ཉི་མ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེའི་ཐོན་ལས་ཕྱོགས་སྒྱུར་གནད་སྨིན་གྱི་ཐབས་ལམ་དེ་རྩྭ་སའི་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་གི་ཤང་ལྔ་དང་གྲོང་རྡལ་གཅིག་གི་སྲིད་འཛིན་གྲོང་ཚོ19ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད་ལ། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པས་རྩྭ་རའི་མ་རྐང་ནང་ཞུགས་པ་དང་བོགས་མར་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་མིག་སྔར་རྩྭ་ར་མུའུ་ཁྲི1300ལྷག་ཙམ་བསྡུ་སྒྲིལ་བྱས་པ་དེས་རྫོང་ཡོངས་ཀྱི་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་གྱི38%ཟིན་ཡོད། རིགས་ཁག་གི་ཕྱུགས་རིགས་ཁྲི24.7བསྡུ་སྒྲིལ་བྱས་པ་དེས23.4%ཟིན་པ་དང་། རྫོང་ཡོངས་ཀྱི་རིགས་ཁག་གི་མཉམ་ལས་ཁང93གྱི་ལོ་རེའི་དཔལ་འབྱོར་ཐོན་རྫས་རིན་ཐང་སྒོར་ཁྲི1500ལྷག་ཙམ་ཟིན་པ་དེ་དུད་ཚང་རེའི་ཆ་སྙོམས་ཕན་འབྲས་ཡོང་འབབ་སྒོར4200ལྷག་ཙམ་ཟིན་ཡོད། 

༫.jpg

འདི་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པའི་དུད་ཚང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བཞིན་པ།

ཤེས་རྟོགས་བྱུང་བ་ལྟར་ན། ཆུ་དམར་ལེབ་རྫོང་གིས་དུད་ཚང3404ཡི་མི11534ཡི་དབུལ་ཐར་དམིགས་ཚད་ལ་གཞིགས་ནས“གནད་སྨིན་ལ་མཐོང་ཆེན་དང་། ཞན་ཆ་ཁ་གསབ། འགག་སྒྲོལ་ལ་སྐུལ་འདེད”བཅས་དང་། དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་དག་ཐེར་ཆེན་མོ་སོགས་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ལོ་འདིའི་ནང་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.873དོན་འཁྱོལ་བྱས་པ་རེད། ཆེད་དོན་དབུལ་སྐྱོར་ཐད་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་གིས་མ་དངུལ་སྒོར་ཁྲི3102བསྡུ་སྒྲིལ་བྱས་ནས2015ལོར་ཆུ་དམར་ལེབ་རྫོང་གི་གནད་སྨིན་དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་བསྐྲུན་པ་དང2018ལོར་ཁྲོམ་རར་ཁང་བ་བོགས་མར་གཏོང་བའི་གན་རྒྱ་བཞག་པ་དང་ལོ་རེའི་བོགས་དངུལ་སྒོར་ཁྲི310ཟིན་ཡོད། དེ་དང་ཆབས་ཅིག་ཏུ་ཡུལ་གཞན་དུ་གནས་སྤོས་བྱས་པའི་དུད་ཚང1569ཡི་མི5283གཅིག་སྡུད་བཀོད་སྒྲིག་དྱས་པ་དང་སྡོད་ཁང་དུ་གནས་སྤོ་ཚད100%སླེབས་པ་དང་། མ་དངུལ་སྒོར་ཁྲི2000བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚུགས་ཀྱི་འགྲོ་ལམ་སྲ་འགྱུར་ལས་གཞི་ལེགས་འགྲུབ་བྱས་པ་རེད། 

ཉི་མ་བཀྲ་ཤིས་ཀྱིས་རྫོང་དེས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་འགའི་རིང་། འཁོར་སྐྱོད་ཐོན་ལས་ཕྱོགས་སྒྱུར་རྟེན་གཞི10གཅིག་རྗེས་གཉིས་མཐུད་ངང་བཙུགས་པའི་ནང་རྫོང་མཁར་དུ3དང་། ཡུས་ཧྲུའུ་གྲོང་ཁྱེར་དུ3། ཟི་ལིང་གྲོང་ཁྱེར་དུ4བཅས་ཡོད་པ་མ་ཟད། ད་དུང་སྔ་རྗེས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཀུན་ཤེས་སྨན་པ་དང་། ཐང་ག་སྒྱུ་རྩལ། མི་རིགས་ལག་ཤེས་བཟོ་རྩལ། རླངས་འཁོར་ཞིག་གསོ། ཆུ་དང་གློག དྲོད་རླངས་གཏོང་བའི་ལས་བཟོ་པ་སོགས་རྩལ་ནུས་ཆེད་ལས་ཉེར་གཉིས་བཙུགས་ཡོད་ཟེར། 

གཞན་ཡང་། ཆུ་དམར་ལེབ་རྫོང་གིས་རོགས་རེས་མ་དངུལ་སྒོར་ཁྲི776བཏང་ནས་དངུལ་བུན་གཏོང་ཚད97%དང་མ་དངུལ་ཚུར་བསྡུ་བྱེད་ཚད100%ཟིན་ཡོད་པ་རེད། ལོ་འདིའི་ནང་སྐྱེ་ཁམས་བདག་སྐྱོང་བ5000ལྷག་ཙམ་གྱི་གླ་ཆ་སྒོར་དུང་ཕྱུར1.08སྤྲད་པ་རེད། དབུལ་ཕོངས་གྲོང་ཚོ8ལ་སྒོར་ཁྲི2742དང་དབུལ་ཕོངས་མིན་པའི་གྲོང་ཚོ11ལ་སྒོར་ཁྲི1100བཏང་བའི་ནང་འོད་ཤུགས་གློག་འདོན་ས་ཚུགས་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས། སྣུམ་སྣོན་ས་ཚུགས། ཆུ་གཙང་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན། ཚོང་ཁང་དང་། སྒོ་ཕྱུགས། རླངས་འཁོར་ཉོ་སྒྲུབ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་མིག་སྔར་ཚང་མར་ཕན་འབྲས་ཐོན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།