ཐེན་ཅིན་ཁྲིན་གྱིས་མཚོ་བྱང་ཁུལ་གྱི་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཆེད་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། སྟོབས་ཤུགས་ཡོད་རྒུས་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེགས་སུ་གཏོང་དགོས་ཟེར།

ཐེན་ཅིན་ཁྲིན་སོགས་སྔ་གཞུག་ཏུ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་ཆི་ལེན་རྫོང་གི་དོ་སྲུང་ཡུལ་དངོས་དང་ལས་གཞི་ཡུལ་དངོས་སུ་སོང་ནས། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཚོད་ལྟ་ལས་གཞི་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ནས་ཡུལ་དངོས་ལྟ་ཞིབ་བྱས་པ་མ་ཟད། ས་ཆ་གཅིག་ལ་འཛིན་བྱང་གཉིས་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ཚན་རིག་དང་མཐུན་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་པར་སྐུལ་འདེད་བཏང་།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཧ་ཅང་མཐོང་ཆེན་བྱས་ནས། ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་བཏོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཟུང་འབྲེལ་བྱེད་པ། ས་བབ་དང་བསྟུན་པ་དང་ཕན་ཡོད་པའི་བྱེད་ཐབས་བྱེད་སྤྱད་དེ། སྟོབས་ཤུགས་ཡོད་རྒུས་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་འགན་ལག་བསྟར་བྱེད་དགོས། གཅིག་གྱུར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། འཚོལ་ཞིབ་གསར་གཏོད་བྱེད་པ། སྤུས་ཚད་མཐོན་པོས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱ་བ་བཟང་བོར་བསྒྲུབ་ནས། སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། རི་ཆུ་ནགས་གསུམ་དང་ཞིང་ས། རྩྭ་སའི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟ་་ལས་གཞི་འཛུགས་སྐྲུན་མྱུར་དུ་སྤེལ་ནས། ཁུལ་ཁོངས་ཡོངས་ཀྱི་འཁྱགས་ཀླུང་ཆུའི་མ་ལག་དང་ནགས་ཚལ། རྩྭ་ཐང་སོགས་སྐྱེ་ཁམས་མ་ལག་སྤྱི་ཁོག་གི་སྲུང་སྐྱོབ་ལ་མངོན་འགྱུར་བྱེད་དགོས། དེ་དང་མཉམ་དུ། སྔོན་འགོག་གཙོར་བྱེད་པ་དང་འགོག་གསོད་ཟུང་འབྲེལ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།