མཚོ་སྔོན་ཞིང་ཆེན་དམངས་འཐུས་ཨུ་ལྷན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་དེ་བཞིན《ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་དང་། བཟའ་བ་སོགས་ཕྱོགས་ཡོངས་ནས་གཏན་འགོག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་། ཉོ་ཚོང་། བཟའ་བ་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》(བསྡུས་མིང་ལ“བཅའ་ཁྲིམས་གཅིག་དང་གཏན་འབེབས་གཉིས”ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་འཚོགས་ནས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཐུང་ཏེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

 ཚོགས་འདུའི་ཐོག་ཁྲིམས་འཛིན་ཞིབ་བཤེར་ཇུས་གཞི་དང་གསལ་བཤད་བརྡ་ཁྱབ་བཏང་ནས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་གནས་ཚུལ་ལ་གསན་པ་རེད། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པས་གཏམ་བཤད་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ4བའི་ཚེས16ནས22ཉིན་བར་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཚོགས་ཆུང་གཉིས་སུ་བགོས་ནས་མཚོ་ཤར་གྲོང་ཁྱེར་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བསྐྱོད་དེ“་བཅའ་ཁྲིམས་གཅིག་གཏན་འབེབས་གཉིས”སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། ཡུལ་དངོས་སུ་ཞིབ་བཤེར་དང་མངགས་བཅོལ་ཞིབ་བཤེར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མ“ཡོངས་སུ་ཁྱབ་པ”བྱས་ཏེ་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།