ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། ཡུས་ཧྲུའུ་ཡི“4·14”ཡོམ་འགོག་གནོད་སེལ་བྱས་ནས་ལོ10འཁོར་བའི་དྲན་གསོའི་ཚོགས་ཆེན་ཡུས་ཧྲུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཁོང་གིས་གསུང་དོན། དེ་རིང་ང་ཚོ་འདི་གར་འཛོམས་ཏེ་ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འཁོར་བར་མཆོད་འབུལ་བྱ་རྒྱུ་ཡིན། ས་ཡོམ་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་། ཡོམ་འགོག་གནོད་སེལ་དང་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་བཅས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ། ཡོམ་འགོག་གནོད་སེལ་དང་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལ་བྱས་རྗེས་རླབས་ཆེན་བཞག་པའི་མི་དམངས་དམག་དཔུང་དང་། རྒྱལ་ཁབ་ཀྱི་པུའུ་ཨུ། ཀྲུང་དབྱང་ཁེ་ལས། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ལས་རིགས་ཁག་གི་མི་སྣ། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱིམ་གཞིས་བསྐྱར་སྐྲུན་དང་སྲུང་སྐྱོང་ཆེད་དཀའ་སྤྱད་འབད་བརྩོན་གནང་མཁན་ཡུས་ཧྲུའུ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས།
ཝང་ཅན་ཅུན་གྱིས་མུ་མཐུད་དུ་གསུང་དོན། དེ་རིང་ང་ཚོ་འདི་གར་ལངས་ནས་རང་བྱུང་ཁམས་ཆེན་པོ་དང་གུས་བཀུར་ཞུ་བའི་གླེང་མོལ་བྱ་རྒྱུ་ཡིན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་ཞིང་། རང་བྱུང་ཁམས་བྱུང་བ་ནས་བཟུང་མིའི་རིགས་ལ་འཚོ་ཞིང་གནས་པའི་ཁྱིམ་གཞིས་ཡོད་པ་དང་། མིའི་རིགས་ཀྱི་མཛེས་སྡུག་ཡོད་ཚད་རང་བྱུང་ཁམས་ལས་འབྱུང་གི་ཡོད་ལ། མིའི་རིགས་ཀྱི་གོད་ཆག་ཡོད་ཚད་ཀྱང་རང་བྱུང་ཁམས་སུ་འབྱུང་གི་ཡོད། ས་ཡོམ་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་བསྐྱལ་བའི་གནོད་འཚེ་རེད། གནོད་འཚེ་ཡི་མདུན་དུ་ང་ཚོས་རང་བྱུང་ཁམས་དང་གུས་བཀུར་ཞུ་བའི་གླེང་མོལ་བྱེད་དགོས་པ་དང་། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་བསླབ་བྱར་ཉན་དགོས། རང་བྱུང་ཁམས་ལ་གུས་བཀུར་དང་། རང་བྱུང་ཁམས་ལ་བརྩི་འཇོག རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱེད་ཐུབ་ན། རང་བྱུང་ཁམས་ནི་སྔར་བཞིན་ང་ཚོ་འཚོ་གནས་བྱེད་སའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན། དེ་རིང་ང་ཚོས་འདི་ནས་ཕྱིར་དྲན་བྱས་ན། སེམས་སུ་བཀའ་དྲིན་ཚད་མེད་ཀྱིས་ཁེངས་ཡོང་ངེས། ས་ཡོམ་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ན་བརྩེ་བ་ཡོད་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་ཚོར་དགོས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ལ་ཚད་མེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ལ་ཟླ་མེད་པ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལ་འགྲན་ཟླ་བྲལ་བ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་ལས་ཆོད་ལ་དོ་ཟླ་མེད་པའི་སྟོབས་དང་ལྡན་པ་བཅས་ཀྱི་བཀའ་དྲིན་ཚོར་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་བཞེས་དང་། རྒྱལ་ཡོངས་མི་དམངས་ཀྱི་ཆེས་ནུས་ལྡན་གྱི་རྒྱབ་སྐྱོར། སྤྱི་ཚོགས་ལས་རིགས་ཁག་གིས་ཆེས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་བཅས་ང་ཚོས་དུས་བརྟན་དུ་བློ་ལ་དམ་པོར་འཛིན་དགོས། ང་ཚོས་དྲིན་ཚོར་གྱི་བསམ་པ་དང་དྲིན་ལན་འཇལ་བའི་བྱ་སྤྱོད་ལ་བརྟེན་ནས། གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་། སྒྱུར་བཅོས་སྒོ་འབྱེད་བཟང་། མི་དམངས་དམག་དཔུང་བཟང་། མི་རིགས་ཁག་གི་མི་དམངས་བཟང་། རླབས་ཆེན་མེས་རྒྱལ་བཟང་བ་བཅས་ཀྱི་དུས་རབས་ཀྱི་བསྟོད་གླུ་ལེན་དགོས། དེ་རིང་ང་ཚོས་འདི་ནས་རྒྱང་བལྟ་བྱས་ཏེ། དཀའ་བའི་ལས་བརྒྱུད་ནས་མཛེས་པའི་ལྗོངས་བསྐྲུན་པར་བསྟོད་བསྔགས་བྱེད། ས་ཡོམ་འབྱུང་སྐབས་ཀྱི་གྱང་ཆག་ཞིག་རལ་ནས་བསྐྱར་སྐྲུན་བྱེད་རིང་གི་དུས་ངལ་མཉམ་སེལ་བར་དང་། དེ་ནས་གངས་ལྗོངས་གྲོང་གསར་ཞིག་ཀྲོང་ངེར་འགྱིང་བའི་བར་དུ་ནི། ལོ་ངོ་བཅུའི་སྤྲོ་སེམས་ཀྱི་ལོ་ཟླ་ཡིན་ལ། ལོ་ངོ་བཅུའི་འབད་འཐབ་ཧུར་བརྩོན་ཡང་ཡིན་ཞིང་། ལོ་ངོ་བཅུའི་དཔའ་ངར་ཞུམ་མེད་ཀྱང་ཡིན། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ས་བབ་མཐོ་ཤོས་དང་། དཀའ་ངལ་ཆེ་ཤོས། ཆ་རྐྱེན་སྐྱོ་ཤོས་བཅས་ཀྱི་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལེགས་གྲུབ་བྱུང་ཡོད། བསྐྱར་སྐྲུན་ལས་ང་ཚོས་དཀའ་བའི་ལས་མ་བརྒྱུད་ན་མཛེས་པའི་ལྗོངས་བསྐྲུན་མི་ཐུབ་ཅིང་། མི་ཡི་བྱ་གཞག་མ་ལུས་དཀའ་སྤྱད་ལས་ལས་འབྱུང་བ་དང་། ཀྲུང་ཧྭ་མི་རིགས་གནོད་འཚེ་བརྒྱུད་སྐབས་མངོན་པའི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་ལ་ཞུམ་པ་མེད་པའི་རང་གཤིས། བརྩེ་སེམས་ཆེན་པོ་དང་བློ་བརྟན་འགྱུར་མེད། མཐར་ལྷུང་ལ་འགྲན་སློང་བ། དྲིན་ཚོར་ཡར་བརྩོན་བཅས་ཀྱི་ཡུས་ཧྲུའུ་གྱི་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་བཅས་ལ་མྱོང་བ་ཟབ་མོ་ཐོབ་ཡོད་ཅིང་། འདི་ནི་ང་ཚོས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བསམ་པའི་རྒྱུ་ནོར་རྩ་ཆེ་ཤོས་ཤིག་ཡིན་ལ། དེ་རིང་ང་ཚོས་འདི་ནས་བསམ་བློ་ཞིག་བཏང་ཚེ། སང་ཉིན་གྱི་ཡུས་ཧྲུའུ་ནི་འོད་སྟོང་ལྷམ་མེར་འཕྲོ་ངེས་པ་བསྙོན་དུ་མེད། 2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ཡུས་ཧྲུའུ་གྱི“འཕེལ་རྒྱས་ཇེ་ལེགས་ནས་ཇེ་ལེགས་ཡིན་ལ་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས”ཞེས་གསུངས་ཤིང་། དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་སྐབས་ཡུས་ཧྲུའུ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་སེ་འབྲུའི་འབྲས་བུ་ཇི་བཞིན་དམ་པོར་བཅངས་ནས། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བྱེད་པའི“ལོ་བརྒྱ་དང་པོའི་དམིགས་ཚད”ཀྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་ཐུན་མོང་ཐོག་རྩོམ་བཞིན་ཡོད་ཅེས་གསུངས་པ་རེད།
ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུང་དོན། ལོ་ངོ་བཅུའི་སྔོན་གྱི་དེ་རིང་། རིམ་པ7.1ཅན་གྱི་ས་ཡོམ་དྲག་པོས་ཡུས་ཧྲུའུ་དུ་རྨ་ཁ་ཟབ་མོ་ཞིག་བཟོས་ཤིང་། དེ་ནི་མཚོ་སྔོན་ལ་ལོ་རྒྱུས་ཐོག་ཐོ་འགོད་བྱས་ཚུན་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་ཤོས་དང་། དཔལ་འབྱོར་གྱི་གྱོང་གུན་ཆེ་ཤོས་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་པ་ཡིན་ཞིང་། ས་ཡོམ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། མི་དམངས་དམག་དཔུང་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ། པེ་ཅིང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཀྲུང་གོའི་འཛུགས་སྐྲུན། ཀྲུང་གོའི་ལྕགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་ཐུན་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སོགས་རོགས་སྐྱོར་ས་ཁུལ། ཀྲུང་དབྱང་ཁེ་ལས། རྒྱལ་ཡོངས་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ། ཡུས་ཧྲུའུ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ། ཡོམ་འགོག་གནོད་སེལ་དང་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱལ་ཁ་རླབས་ཆེན་བླངས་པ་རེད། དེ་རིང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ། ང་ཚོས་འདི་གར་ཡུས་ཧྲུའུ་གྱི་ཡོམ་འགོག་གནོད་སེལ་གྱི་ལོ་ངོ་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་ནས། ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་། ཡོམ་འགོག་གནོད་སེལ་དང་དེ་བཞིན་གེགས་རྗེས་བསྐྱར་སྐྲུན་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ལ་དྲིན་ཚོར་དང་ཐུགས་རྗེ་ཆེ་ཞུ་སེམས་ཟབ་མོ་བཅངས་ཏེ། ཡུས་ཧྲུའུ་གྱི་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། རང་བྱུང་ལ་བརྩི་འཇོག་དང་དྲིན་ཚོར་ཞིང་ཡར་ལྡན་ལ་བརྩོན་པའི་བླ་མེད་ཀྱི་སྟོབས་ཤུགས་འབད་བརྩོན་ཆེན་པོས་གཅིག་ཏུ་བསྒྲིལ་ཡོད། ད་ཐེངས་ཀྱི་དྲན་གསོའི་ཚོགས་ཆེན་ནི་འདས་ཟིན་པར་སྙིང་དབུས་ནས་སེམས་གསོ་བྱས་པ་ཞིག་ཡིན་ལ། འབྱུང་འགྱུར་ལ་མཛེས་སྡུག་ལྡན་པའི་རེ་སྨོན་བྱས་པ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཕྱོགས་སོ་སོས་རྒྱབ་སྐྱོར་ཤུགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཡུས་ཧྲུའུ་གྱིས་མུ་མཐུད་དུ་བཀའ་དྲིན་ཚོར་བཞིན་འབད་འཐབ་ཆེན་མོས་མདུན་དུ་བསྐྱོད་ངེས་ཡིན་པ་དང་། ཡུས་ཧྲུའུ་དུ་མེ་ཏོག་གང་སར་བཞད་ཅིང་། འབྲས་བུ་གཡུར་དུ་ཟ་ངེས་ཡིན། ཡུས་ཧྲུའུ་སྔར་བར་ཇེ་ལེགས་ནས་ཇེ་ལེགས་ཡིན་ལ། སྔར་བས་མཛེས་སྡུག་ལྡན་པར་འགྱུར་ངེས་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
ཚོགས་འདུའི་ཐོག ཧྲིན་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་གྱིས་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་ས་ཡོམ་ཅུའུ་ཡིས་འཕྲིན་ཡིག་སྤྲིངས་པ་སྒྲོག་འདོན་བྱས་ཤིང་། ཡུས་ཧྲུའུ་ཁུལ་ཨུ་དང་། རོགས་སྐྲུན་ཁེ་ལས། ཡུས་ཧྲུའུ་མང་ཚོགས་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་ཝང་ཡུས་ཡན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱང་ཁའོ་ཞང་། ཤོག་སྒྲིག་དཔུང་ཚོགས76དམག་དཔོན་གཞོན་པ་ཀུའུ་ཀྲུང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལི་ཙའེ་ཡོན་བཅས་བྱེད་སྒོར་ཞུགས། དྲན་གསོའི་ཚོགས་ཆེན་མ་འཚོག་གོང་ཞིང་ཆེན་འགོ་ཁྲིད་རྣམས་མཉམ་སྡེབ་ཀྱིས་ཡུས་ཧྲུའུ་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་མཛད་པ་རེད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
ཡུལ་ཧྲུའུ“4·14”ཡོམ་འགོག་གནོད་སེལ་བྱས་ནས་ལོ་ངོ་བཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།