2019ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དྲིལ་བསྒྲགས་བྱ་བའི་ཚོགས་འདུ་བསྡུས།

ཟླ4པའི་ཚེས་10ཉིན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་དྲིལ་སྒྲོག་བྱ་བའི་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་དང་དྲིལ་སྒྲོག་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། 2020ལོའི་དྲིལ་སྒྲོག་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་མ་ཟད། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར། ཕུལ་བྱུང་གསར་འགོད་པ་ཁག་ཅིག་བཅས་ལ་གཟེངས་བསྟོད་དང་བྱ་དགའ་བྱིན། དེ་ནི་2016ལོའི་ཚུན་དུ་དབུལ་སྐྱོར་མཁྲེགས་གཏོར་གྱི་དྲིལ་བསྒྲགས་བྱ་བའི་ཆེད་དོན་ཚོགས་འདུ་ཚོགས་ཐེངས་བཞི་པ་རེད།

2019ལོ་ནས་བཟུང་ཞིང་ཆེན་དབུལ་སྐྱོར་ཅུའུ་དང་འབྲེལ་ཡོད་སྡེ་ཁག་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་དང་གཙོ་གནད་བྱ་བར་དམ་པོར་དམིགས་ཏེ་ ཕྱོགས་སྟོན་ལ་དམ་འཛིན་དང་། སྣེ་ཁྲིད་ལ་སྐུལ་འདེད། བཀོད་སྒྲིག་ལ་དམ་འཛིན། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་ལྕག་དང་སེམས་ནུས་གཅིག་སྒྲིལ་གྱིས་ཧུར་ཐག་བྱས་ཡོད། རིམ་པ་སོ་སོའི་གསར་འགྱུར་སྨྱན་བྱད་ཀྱིས་ཞིང་ཆེན་ཡོངས་ཀྱི་དབུལ་བོ་གཙང་སེལ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེ་དང་།  དྲིལ་སྒྲོག་བྱེད་གྲངས་ཇེ་མང་། གཏིང་ཟབ་སྒོས་དྲིལ་སྒྲོག་དང་ཐབས་ལམ་མང་ཞིང་རིམ་པ་མང་བ། ཕྱོགས་མང་ཞིང་དངོས་སྣང་ཅན་གྱི་དྲིལ་སྒྲོག་ལ་བརྟེན་ནས་དབུལ་བོ“གཙང་སེལ” བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་ངོས་ཟིན་ཞིག་ཏུ་བཏང་སྟེ་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་མཇུག་བསྡུ་བའི་ལོ་ཡིན། རང་ཞིང་གི་གནས་སྤོ་དབུལ་སྐྱོར་དང་། འོད་ཤུགས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཡོད་པ་དང་། འཛད་སྤྱོད་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར། དབུལ་སྐྱོར་ཐོན་ལས་གླིང་། འཐེན་ཐུག་དཔལ་འབྱོར། བསམ་པའི་དབུལ་སྐྱོར། ཆེད་ལས་མཉམ་ལས་ཁང་སོགས་ལ་གྲུབ་འབྲས་མངོན་ལྡན་པ་དང་ཕན་འབྲས་ཐོན་ཡོད་པས། རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་ཐད་བླངས་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་། དཔེ་མཚོན་ལྡན་པའི་ལས་འབྲས། སྔོན་ཐོན་བྱས་རྗེས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ལོ་འདིའི་ནང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

ཚོགས་ཐོག་ཏུ2019ལོའི་དབུལ་ཐར་མཁྲེགས་གཏོར་གྱི་དྲིལ་བསྒྲགས་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་མི་དམངས་ཉིན་རེའི་ཚགས་པར་མཚོ་སྔོན་ཡན་ལག་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྔོན་ཐོན་ལས་ཁུངས25དང་། སྔོན་ཐོན་མི་སྒེར་20 ཕུལ་བྱུང་གསར་འགོད་པ་27བཅས་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།