ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་རེ་བ་ཆེས་གསར་བར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་ཁྱབ་བསྒྲགས་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།
ཚོགས་ཐོག་ནས་བསྟན་དོན། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་པ་དང་། ཙུང་ལི་ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། མཚོ་སྔོན་གྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས་རྒྱལ་ཡོངས་ལ་བྱས་རྗེས་འཇོག་དགོས། མུ་མཐུད་དུ་འགན་འཁྲི་འདུ་ཤེས་བརྟན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། རིམས་ནད་ཕྱི་ནས་ནང་དུ་ཁྱབ་པར་བཀག་འགོག་བྱེད་པ་དང་ནང་ཁུལ་ནས་རྒྱ་མཆེད་པར་བཀག་འགོག་བྱེད་པའི་རེ་བ་ལྟར། ཚད་འགྱུར་ལ་དམིགས་པ་དང་ཚད་མཐའ་དམ་སྲུང་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་སྔར་ལས་བརྟན་པོ་འཛུགས་དགོས། ཤུགས་སྔར་ལས་ཆེན་པོ་བཏོན་ནས་རྒྱུན་མཐུད་ངང་ལས་ཐོན་སླར་གསོར་དམ་འཛིན་བྱེད་པ་དང་། ལས་ཐོན་སླར་གསོའི་ཚད་དང་མི་སྣ་ཕྱིར་ལས་རྐང་དུ་ལོག་པའི་ཚད་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། བརྟན་བརླིང་ངང་ཐོན་ཚད་ལོན་པ་དང་ཕན་འབྲས་ལེན་ཐུབ་པར་བྱས་ནས། རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཇེ་ཆུང་དུ་གཏོང་དགོས། དུས་ཚིགས་དང་པོའི་བྱ་བར་རྩིས་བཤེར་ནན་མོ་བྱེད་པ་དང་། ད་ལོའི་དམིགས་འབེན་ལས་འགན་ལ་གཤིབ་བསྡུར་བྱས་ནས། དབྱེ་ཞིབ་དང་བརྡར་གཅོད་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་འཁོར་རྒྱུག་ལ་བཀོད་གཏོང་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། དུས་ཚིགས་གཉིས་པ་དང་གསུམ་པའི་བྱ་བ་བརྟན་བརླིང་ངང་བསྒྲུབ་པ་དང་། མཚོ་སྔོན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པའི་དུས་ཚོད་བཟང་བོ་དམ་འཛིན་བྱེད་པ། ད་ལྟ་སྒྲུབ་བཞིན་པའི་བྱ་བ་གཙོར་བཟུང་ནས། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་གསོན་ཤུགས་སྔར་ལས་མཐོར་འདེགས་གཏོང་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པ་དང་། ཁེ་ལས་དང་ཐོན་ལས་ལ་འགན་སྲུང་བྱེད་པ་སྔོན་འགྲོ་རུ་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་བྱེད་ཐབས་སུ་བྱས་ཏེ། ཐོན་སྐྱེད་དམ་འཛིན་བྱེད་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བདེ་ཐང་རིམ་ལྡན་གྱི་འཁོར་སྐྱོད་མུ་ཐག་གྲུབ་པར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། དཔྱིད་ཀའི་མེ་འགོག་དང་ཆུ་ལོག་འགོག་པ། ཐན་འགོག་སོགས་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་པ། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་རྟོག་སེལ་བྱེད་པ། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་སྲིད་ཇུས་ཐོབ་ཐང་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། དམག་མི་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་བྱེད་པའི་ལས་རིགས་སུ་འགྱུར་བར་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། དམག་ཁུངས་ལ་ཞུགས་པའི་ཐད་ཀྱི་འགག་སྒོ་དམ་སྲུང་བྱེད་པ་དང་དམག་ཁུངས་ནས་ཕྱིར་འབུད་པའི་ཐད་ཀྱི་འགག་སྒོ་རྒྱ་སྐྱེད་པ། དམག་དཔུང་གི་འགན་སྲུང་འགག་སྒོར་མཐུན་སྦྱོར་བྱེད་པ། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིས་མུ་མཐུད་དུ་དམག་མིའི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་མོ་བཅངས་ཏེ། དམག་ཁུངས་ཕྱིར་བུད་རྗེས་མདོག་མི་འགྱུར་བར་བྱེད་པ་དང་། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིས་ཁྱབ་ཁོངས་སོ་སོ་ནས་བྱས་རྗེས་འཇོག་པ་དང་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཐད་ཀྱི་དམངས་ཚིས་འཚོ་བའི་གྲོས་ཚོགས་ཀྱི་ཇུས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག་གི་ལག་བསྟར་བྱེད་ཐབས་ལ་གྲོས་ཞིབ་བྱས་པར་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།