ཀྲང་ཀོང་རུང་གིས་རྩེ་ཁོག་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཀྲང་ཀོང་རུང་གིས་ཡུལ་དངོས་ནས་རྩེ་ཁོག་རྫོང་གི་དབུལ་སྐྱོར་ཐོན་ལས་གླིང་གི་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་། ཐོན་སྐྱེད་གཉེར་སྐྱོང་བྱ་བར་ཞིབ་ལྟ་བྱས་རྗེས། དབུལ་ཁྱིམ་དུ་སོང་ནས་ཁོ་ཚོའི་ཡོང་འབབ་དང་འགྲོ་སོང་། ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཞི་རིམ་ལས་བྱེད་པ་དང་ལྷན་དུ་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱས།

ཀྲང་ཀོང་རུང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུར་འགན་ལེན་བྱེད་པ་ནི། ཏང་དང་སྲིད་གཞུང་གི་དམ་བཅའ་བརྟན་པོ་ཞིག་ཡིན། མིག་སྔར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཁྱོན་ཡོངས་ནས་མཇུག་བསྡུ་ལ་ཉེ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། དབུལ་ཐར་མཁྲེགས་གཏོར་གྱི་་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཐད་ཤུགས་སྣོན་དགོས་པ་དང་། གནད་འཁེལ་དང་རྒྱུན་མཐུད་ངང་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་བྱས་ཟིན་པ་ཡང་བསྐྱར་དབུལ་པོར་མི་འགྱུར་བར་བྱེད་རྒྱུ་དང་དབུལ་པོ་ངོ་མ་དབུལ་ཐར་འབྱུང་ཐུབ་པར་འགན་ལེན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱེད་དགོས་ཟེར།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ཞིབ་བཤེར་རྩིས་ལེན་ལས་མངོན་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཚད་གཞི་མཐོ་རུ་གཏོང་བ་དང་བླང་བྱ་ནན་མོ་འདོན་པ། གང་ཞིག་མི་འདང་ན་དེ་གསབ་པ། གནད་དོན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། ཐོན་ལས་གསོ་སྤེལ་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་འཆར་འགོད་ཞིབ་ཚགས་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་དང་མཐུན་པར་རྒྱུན་འཁྱོངས་བྱེད་པ། རྨོངས་ཚོད་ཀྱིས་རྒྱ་སྐྱེད་གཏོང་བ་སྔོན་འགོག་བྱེད་པ། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། “རང་བརྟེན་ནུས་པ”ཆེ་རུ་གཏོང་བ་བཅས་བྱེད་དགོས། ངལ་རྩོལ་གྱི་ནུས་པ་ཕྱིར་གཏོང་བྱ་རྒྱུ་དེ་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཁྲོམ་ར་དང་ལས་ཞུགས་ཁྲིད་སྟོན་དུ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་ཇེ་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་ངལ་རྩོལ་ནུས་པའི་རྩ་འཛུགས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། འབྲོག་ས་ནས་གྲོང་ཁྱེར་ནང་དུ་ཐོན་པའི་མང་ཚོགས་མང་པོར་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ཡོང་བར་བྱེད་དགོས། གནས་སྤོར་གཞིས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། མང་ཚོགས་གནས་སྤོ་ཐུབ་པ་དང་གནས་སྡོད་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།