མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་བྱ་འགུལ་ཉིན་མོའི་བྱ་འགུལ་སྤེལ།

ཨུ་ཡོན་བར་གྱི་བརྗེ་རེས་དང་ཁ་གཏད་སྡེ་ཁག་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། འགན་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཟླ་བཞི་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་རྩ་འཛུགས་བྱས་ཏེ། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟི་རུ་སོང་ནས་ཨུ་ཡོན་བྱ་འགུལ་ཉིན་མོའི་བྱ་འགུལ་སྤེལ་ནས། མཚོ་སྔོན་མི་དམངས་མཁའ་འགྲུལ་གྱི་འཕེལ་རྒྱས་ལོ་རྒྱུས་དང་ལས་གཞི་འཛུགས་སྐྲུན་ལག་བསྟར་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད།

ཨུ་ཡོན་ཚོས་སྔ་གཞུག་ཏུ་ཟི་ལིང་གནམ་གྲུ་ཐང་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་ལས་རེས་གནམ་གྲུ་དང་བདེ་འཇགས་ཞིབ་བཤེར། ལུས་དྲོད་འཇལ་བ་སོགས་ཀྱི་ཁུལ་ཁོངས། གནམ་གྲུ་ཐང་གི་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་དང་གནམ་གྲུ་ཐང་གི་སྐབས་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན། མཁའ་འགྲུལ་ཁོངས་བརྒལ་གློག་ཚོང་སོགས་ལ་ལྟ་སྐོར་བྱས་པ་དང་། ཚང་མས་གནས་ཚུལ་ཡར་ཞུ་ལ་ནན་ཏན་སྒོས་ཉན་པ་དང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། གནམ་གྲུ་ཐང་གིས་བདེ་འཇགས་ཞབས་ཞུ་དང་སྐྱེལ་འདྲེན་ཐོན་སྐྱེད། གནམ་གྲུ་ཐང་འཛུགས་སྐྲུན་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལྷག་པར་དུ་ཚང་མས་མཚོ་སྔོན་ནི་ཉེ་བའི་ལོ་འགའི་རིང་ལ་ནུབ་བྱང་ས་ཁུལ་དུ་གནམ་གྲུ་ཐང་འཛུགས་སྐྲུན་བྱས་ཚད་ཆེས་མང་བ་དང་འཛུགས་སྐྲུན་བྱས་ཚད་ཆེས་མགྱོགས་པའི་ཞིང་ཆེན་ཡིན་པ་ཤེས་རྗེས་ངར་སེམས་ཆེར་སྐྱེད། ཨུ་ཡོན་ཚོས་ད་དུང་གནམ་གྲུ་ཐང་གི་ཞབས་ཞུ་དང་འཛུགས་སྐྲུན། འཕེལ་རྒྱས་སུ་གཏོང་བ་སོགས་ཐད་བསམ་ཚུལ་བཏོན།

ཀུང་ཟིའི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན་རྗེས། ཏུའུ་ཅེ་ཡིས་བཤད་རྒྱུར། མཚོ་སྔོན་མི་དམངས་མཁའ་འགྲུལ་ལས་དོན་འཕེལ་རྒྱས་སུ་བཏང་བ་དེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་མི་དམངས་མཁའ་འགྲུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྣན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ལེགས་བསྒྱུར་བྱེད་པ་དང་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་རྒྱ་སྐྱེད་པ། མི་རིགས་མཐུན་སྒྲིལ་འཆམ་མཐུན་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཐོན་ལས་རིམ་སྤོར་བྱེད་པ་བཅས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་ཟིས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཨུ་ཡོན་ཚོས་མུ་མཐུད་དུ་མཚོ་སྔོན་གྱི་མི་དམངས་མཁའ་འགྲུལ་ལས་དོན་ལ་དོ་སྣང་བྱས་ནས། མཚོ་སྔོན་གྱི་མི་དམངས་མཁའ་འགྲུལ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།