ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བདུན་པའི་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས་པ་རེད། ཧྲིན་ཀྲང་ངམ་འགོ་ཁྲིད་ཚོགས་ཆུང་གི་ཚན་གཙོ་ལིག་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། རྒྱུན་ལས་ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལི་ཅེ་ཞང་གིས་ཚོགས་འདུར་འགོ་འཛིན་བྱས།
ལིག་ཉིང་གིས་མི་གྲངས་ཞིབ་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་བརྟག་དཔྱད་བྱེད་པའི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་བདུན་པ་སྤེལ་བ་ནི་དུས་རབས་གསར་པར་ཞབས་འདེགས་ཞུ་བའི་དགོས་མཁོ་གསར་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་། བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རམ་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ་དང་སྟོབས་ཤུགས་ཤེས་རྟོགས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་བླང་བྱ་བཅས་ཡིན་པ་མ་ཟད། འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་བྱེད་པའི་དགོས་མཁོ་བཅས་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་མི་གྲངས་ཞིབ་བཤེར་བྱ་བ་སྤེལ་དགོས་པར་བསྟན།
ལིག་ཉིང་གིས་མི་གྲངས་ཞིབ་བཤེར་གྱི་འགག་རྩ་ནི་ཞིབ་བཤེར་གསལ་པོ་བྱེད་དགོས་པ་དང་། དོན་སྙིང་གཙོ་བོ་ནི་ཡོངས་ཁྱབ་ལ་ཐུག་ཡོད། འགག་རྩ་མངོན་གསལ་ཡོང་བ་དང་། དུས་ཚོད་དམ་འཛིན་བྱེད་པ། ཡུལ་དངོས་དང་བསྟུན་པ་བཅས་བྱས་ནས་རྩ་འཛུགས་ཀྱི་འགན་ལེན་དང་། གྲོན་དངུལ་དོན་འཁྱོལ། “མི་སྣ་གཉིས”་གདན་ཞུ་གསོ་སྦྱོང་། ལས་ཁུངས་ཀྱི་སྲིད་འཛིན་ཐོ་འགོད་བེད་སྤྱོད། ཚན་རྩལ་བྱ་ཐབས་བེད་སྤྱོད་སོགས་མི་གྲངས་ཞིབ་བཤེར་དང་མི་སྣ་ཡོངས་ཐོ་འགོད་བྱས་ནས་ཞིབ་བཤེར་གྱི་གྲངས་གཞི་ཁྱོན་ཡོངས་དང་། དོན་དངོས། གནད་ལ་འཁེལ་བ་བཅས་ཡོང་བར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཐེངས་བདུན་པའི་མཚོ་སྔོན་གྱི་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།