2020ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཅུའུ་ཀྲང་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས2ཉིན། ཞིང་ཆེན་ཡོངས་ཀྱི་རིག་དངོས་ཅུའུ་ཀྲང་གི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་དངོས་ལས་དོན་བྱ་བར་བླང་བྱ་བཏོན་པ་རེད། 

དབྱང་ཧྥེང་ཁྲུན་གྱིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རིག་དངོས་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན”གྱི་འགྲེམས་སྟོན་ལེགས་པར་སྤེལ་བ་དང་། རིག་དངོས“གསོན་མདོག་རྒྱས་བ”ར་གོམ་སྟབས་གསར་པ་སྤོས་ཤིང་རིག་དངོས་གནའ་རྫས་རྟོག་ཞིབ་སྔོག་འདོན་ལ་ཕན་འབྲས་མངོན་གསལ་དོད་པ་ཐོབ་ལ། རིག་དངོས་ཀྱི་བདེ་འཇགས་སྲུང་སྐྱོང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིག་དངོས་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིག་དངོས་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། རིག་དངོས་སྲུང་སྐྱོང་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་སྔར་བས་མང་པོ་བསྐྲུན་ཏེ། རིག་གནས་ཞིང་ཆེན་གྲགས་ཅན་དང་ཡུལ་སྐོར་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་ཞིང་ཆེ་བ་འབུལ་དགོས།  

གྲོས་ཚོགས་ཀྱིས་བསྟན་དོན། 2020ལོར་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་སྒྱུར་བཅོས་ལས་འགན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྨ་ཆུའི་འབབ་རྒྱུད་རིག་གནས་ཁུལ་གྱི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་སྟེ་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། ཆུ་ཚའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་རིག་དངོས་མིང་གཞུང་ཁྱབ་བསྒྲགས་བྱ་དགོས། རྣམ་གྲངས་གྲབས་གསོག་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་བཤམས་ཀྱི་ཆུ་ཚད་དང་སྤྱི་ཚོགས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དར་གོས་ཚོང་ལམ་གྱི་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་ཏེ་མཚོ་སྔོན་གྱི་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་ནས་མཚོ་སྔོན་གྱི་དར་གོས་ཚོང་ལམ་གྱི་ཕྱོགས་བསྡུའི་གནའ་རྫས་རྟོག་ཞིབ་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རིག་དངོས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཤིང་རིག་དངོས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་རིག་དངོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།