ཟི་ལིང་ས་ཁུལ་དུ་ཐོག་མར་གསའ་ཡི་བརྙན་གསལ་བོ་པར་དུ་བླངས་འདུག

4.jpg

མཚོ་སྔོན་ཏ་ཐུང་པེ་ཁྲོན་ཆུ་འགོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་པར་བླངས་པའི་གསའ།

མཚོ་སྔོན་ཏ་ཐུང་པེ་ཁྲོན་ཆུ་འགོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་པར་རིས་མཁོ་འདོན་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འདི་ནི་ཟི་ལིང་ས་ཁུལ་དུ་གསའ་ཡི་གཟུགས་བརྙན་གསལ་པོ་ཐོག་མར་མཐོང་བ་དེ་རེད། དེས་ཟི་ལིང་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་མཚོན་ཡོད”ཟླ4བའི་ཚེས2ཉིན་ཏ་ཐུང་པེ་ཁྲོན་ཆུ་འགོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཐོན་ཁུངས་བདག་སྐྱོང་པུའུ་ཡི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་ཅུན་གྱིས་དེ་ལྟར་བཤད།

ཟླ3པའི་ཚེས27ཉིན། ལིའུ་ཝུའེ་ཅུན་དང་ལས་གྲོགས་ཀྱིས་འཆར་གཞི་ལྟར་སྲུང་སྐྱོང་ཁུལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་གཉིས་ཕྱིར་བླངས་པ་རེད། དམར་ཕྱིའི་པར་ཆས་ཀྱིས་བླངས་པའི་པར་ལ་ལྟ་སྐབས།ཤྭ་སེར་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་མང་པོ་མཐོང་བར་མ་ཟད། ཁོང་ཚོས་པར་ཆས་དེས་ཟླ1པོའི་ཚེས7ཉིན་གསའ་ཡི་གཟུགས་བརྙན་གསལ་པོར་པར་དུ་བླངས་ཡོད་པ་མཐོང་། 

“གསའ་ནི་ས་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་རིགས་གཙོ་བོ་ཞིག་ཡིན་པ་དང་། ས་བབ་མཐོ་བའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི‘རྩིས་ཆས’ཞེས་བརྗོད་ཀྱི་ཡོད། གསའ་མཐོང་བ་དེས་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་བདེ་ཐང་དང་སྐྱེ་དངོས་རིགས་སྣ་མང་བ། གཟན་ཕྲེང་ལྷུ་ཚུགས་ཆ་ཚང་བ་བཅས་མཚོན་གྱིན་ཡོད།”ཞེས་ལིའུ་ཝུའེ་ཅུན་གྱིས་བཤད། དེ་ནི་ཟི་ལིང་ས་ཁུལ་དུ་གསའ་ཡི་གཟུགས་བརྙན་གསལ་པོ་ཐོག་མར་པར་བླངས་པ་ཡིན། 

མིག་སྔའི་བར་སྲུང་སྐྱོང་ཁུལ་དུ་གསའ་དང་། ཤྭ་སྐྱ། གླག ཤྭ་བ། ཐང་རྒོད་བྱི་ལ། ཁྲ། བྱ་ཝང་སྔོན་མོ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་མང་པོ་འདུས་པའི་རི་སྐྱེས་སྲོག་ཆགས་རིགས་164ཙམ་ཡོད། ཉེ་བའི་ལོ་འགར། ཏ་ཐུང་པེ་ཁྲོན་ཆུ་འགོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྒྱུན་ལྡན་གྱི་སྐོར་ཞིབ་ལས་རེས་ཀྱི་རྨང་གཞིའི་ཐོག་སྡེ་ཁག་བར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལོ་ལྟར་ཏ་ཐུང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ཚལ་དང་རྩྭ་ཐང་ཅུའུ་དང་། ནགས་ཚལ་སྤྱི་བདེ་ཅུའུ་དང་མཉམ་འབྲེལ་སྒོས་རྒྱ་རྙི་གཙང་སེལ་དང། དཀོན་ཞིང་རྩ་ཆེ་ལ་སྟོང་ཉེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་ཆེད་དོན་སྐོར་ཞིབ་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་འགུལ་སྤེལ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་རང་བྱུང་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཐོབ་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཐང་རྒོད་བྱི་ལ་དང་། ཤྭ་བ། གནའ་བ། གོང་མོ་འོག་དཀར། བྱ་རྒོད་བཅས་མང་དུ་ཕྱིན་པ་དང་། ཞིང་ཆེན་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཝ་དམར། ཁ་ཤྭ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད།  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།