《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། (ཨང་གཉིས་པ)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི2020ལོའི་བྱ་བའི་གཙོ་གནད་དང་ལྟ་སྐུལ་ལས་དོན་གྱི་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཟླ4པའི་ཟླ་དཀྱིལ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་རེད། ཁྲིམས་འཛིན་ཞིབ་བཤེར་གྱི་གཙོ་གནད་ནི། གཅིག རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་སྲུང་སྐྱོབ་གནས་ཚུལ། གཉིས།《རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་གཏན་འགོག་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྤྱོད་ངན་འདོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་འགན་ལེན་བྱེད་པའི་གཏན་འབེབས》དང《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་གསོད་དང་། ཉོ་ཚོང་། བཟའ་བཏུང་བྱེད་པ་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བྱས་ཚུལ། གསུམ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། ཁྲིམས་འཛིན་དང་ཁྲིམས་འཛིན་འགན་ལེན་གནས་ཚུལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་རིང་ལྷག་པའི་གནད་དོན་གཙོ་བོ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་དང་གྲོས་གཞི་སོགས། བཞི།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པ་བཅས་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སོ་སོའི་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་སྤྱི་ཚོགས་ལས་རིགས་ཁག་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེའི་མང་ཚོགས་བཅས་ལ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱེད་དུ་འཇུག་པ་དང་། ལྟ་སྐུལ་ལས་དོན་གྱི་གསལ་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ཁག་ཐེག་བྱེད་པ། ཁྲིམས་བསྟར་ཞིབ་བཤེར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཚོགས་ལས་རིགས་ཁག་དང་ དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཟླ4ཚེས20ཉིན་གྱི་གོང་ཁ་པར་དང་འཕྲིན་ཡིག གློག་རྡུལ་སྦྲག་ཡིག བརྙན་སྐྱེལ་སོགས་ཀྱི་བྱ་ཐབས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན། ཁེ་ལས་བྱ་གཞག་ཚན་པ་བཅས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》དང《གཏན་འབེབས》གཉིས་ཀྱི་གནས་ཚུལ་དང་། ལྷག་པའི་གནད་དོན། དེ་བཞིན་ལེགས་བཅོས་ཀྱི་བྱ་ཐབས་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན་ཆོག །

འདིར་ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན།

འབྲེལ་གཏུག་སྡེ་ཚན། མཚོ་སྔོན་ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།

ས་གནས། ཟི་ལིང་གྲོང་ཁྱེར་གྱི་ལྔ་གཅིག་ལམ་ཨང16པ།

ཁ་པར། 0971-8457033

གློག་རྡུལ་ཡིག་སྒམ། qhrdhzw.163. com

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་།

2020ལོའི་ཟླ་4ཚེས་3ཉིན།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།