མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་ཉོ་ཚོང་། བཟའ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུའི་བརྡ་ཐོ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་ཉོ་ཚོང་། བཟའ་སྤྱོད་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་བརྡ་ཐོ་བཏང་སྟེ། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ལས་དང་རྩྭ་ཐང་ཅུའུ་དང་། རང་བྱུང་སྲུང་སྐྱོང་ཁུལ་སོ་སོའི་དོ་དམ་ལས་ཁུངས། ཅུའུ་ཡི་ཁོངས་གཏོགས་སྡེ་ཁག་བཅས་ཀྱི་དེ་སྔའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་ལས་དོན་ཁྲོད་ལྷག་པའི་ཉམས་ཞན་ལྷུ་ཚིགས་དང་ཞན་ཆ་འཚོལ་ཞིབ་དང་གསེད་དཀྲོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རི་སྐྱེས་སྲོག་ཆགས་གང་བྱུང་དུ་བཟའ་བའི་སྲོལ་ངན་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་འཛིན་དང་ཉོ་ཚོང་། བཟའ་སྤྱོད་བཅས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བདེ་འཇགས་ལ་འགན་ལེན་བྱེད་དགོས། 

《བརྡ་ཐོ》ཡིས་བསྟན་དོན། ས་གནས་སོ་སོས《གཏན་འབེབས》ཁྱབ་བསྒྲགས་ལག་བསྟར་བྱེད་པའི་གོ་སྐབས་བཟང་པོ་ནན་འཛིན་བྱས་ནས་ནགས་ཚལ་སྤྱི་བདེ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། ཞིང་ལས་དང་ཞིང་གྲོང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་དག་རྩ་འཛུགས་དང་སྐུལ་སློང་བྱས་ནས་མཉམ་འབྲེལ་སྒོས་རི་སྐྱེས་སྲོག་ཆགས་ཁྱབ་ཁུལ་གལ་ཆེན་དུ་བསྐྱོད་ནས་རི་ཁུལ་དུ་སྐོར་ཞིབ་དང་། མཚོ་མཚེའུ་ལ་སྐོར་ཞིབ། ནགས་ཁུལ་དུ་སྐོར་ཞིབ། རྩྭ་ཐང་དུ་སྐོར་ཞིབ་སོགས་ཀྱི་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་ནན་ཏན་ངང་སྤེལ་ཏེ་འབྱུང་རྩ་ནས་དོ་དམ་ཡག་པོ་བྱ་རྒྱུར་ཁག་ཐེག་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲོམ་རའི་ཉོ་ཚོང་དང་། སྐྱེལ་འདྲེན། གསོག་ཉར། བཟའ་བཏུང་སོགས་ཀྱི་བར་གནས་ལྷུ་ཚིགས་སུ་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་བདག་གཉེར་དང་བེད་སྤྱོད་ཀྱི་ཁྲོམ་རའི་ཆེད་དོན་ཁྲིམས་འཛིན་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཕྱིར་འཚོང་དང་། ཚུར་ཉོ། བཟའ་བ། བེད་སྤྱོད་བཅས་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་ནན་མོ་བྱེད་དགོས། 

《བརྡ་ཐོ》ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་རང་འགུལ་ངང་སྣེ་ཁྲིད་དེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྡེ་ཁག་གི་མཉམ་འགོག་མཉམ་བཅོས་ཀྱི་ཕུགས་ཕན་ལས་ཀའི་ལམ་སྲོལ་ཞིབ་འཇུག་གསར་འཛུགས་བྱས་ཏེ་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་པ། མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་།  “འདབ་ཆགས་ལ་གཅེས་པའི་གཟའ་འཁོར”དང“རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་ཟླ་བ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། རི་སྐྱེས་སྲོག་ཆགས་བཟའ་སྤྱོད་གཏན་འགོག་བྱེད་པའི་བཅའ་ཁྲིམས་གཏན་འབེབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་ཚོགས་ལས་རིགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།