ཝང་ཅན་ཅུན་དང་ལིག་ཉིང་རྣམ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས30ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་རྣམ་གཉིས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་ཚེ་སྲོག་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གི་དམིགས་བསལ་ནུས་པ་འདོན་སྤེལ་བཅས་བྱས་ཏེ། མཚོ་སྔོན་གྱི“རྨ་འབྲི་རྫ་གསུམ་འབྱུང་ཁུངས”དང་། “སྣོད་བཅུད་སྲུང་ཡོལ།” “རྒྱལ་ཁབ་སྤྱི་གླིང་།” “ཐོན་ཁུངས་ནུས་རྒྱུ”བཅས་ཀྱི་མིང་བྱང་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་བྱེད་དགོས་པར་ནན་གསུང་གནང་བ་རེད།

ཝང་ཅན་ཅུན་དང་ལིག་ཉིང་རྣམ་གཉིས་ཀྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ནི་ཚེ་སྲོག་གི་འབྱུང་རྩ་དང་། སྣོད་བཅུད་ཀྱི་རྩ་བ། ཐོན་སྐྱེད་ཀྱི་གཙོ་གནད་བཅས་ཡིན་གཤིས། འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པ་བརྒྱུད་ང་ཚོར་རྒྱལ་ཁབ་ཀྱི་གནས་ཚུལ་དང་། ཞིང་ཆེན་གྱི་གནས་ཚུལ། མཚོ་སྔོན་གྱི་ས་གཤིས་བཅས“གཟི་བརྗིད་གསུམ”གྱི་སྙིང་སྟོབས་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་རིན་ཐང་རྟོགས་པའི་སློབ་གསོ་ཐོབ་བྱུང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱེད་པར་ཐོག་མར་རང་བྱུང་ཁམས་སུ་སྐྱོད་པ་དང་། རང་བྱུང་ཁམས་ཤེས་རྟོགས་བྱེད་པ། རང་བྱུང་ཁམས་རྒྱུས་ལོན་བྱེད་པ་བཅས་ཀྱི་ཐོག་ནས་ལས་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ལེགས་ཆ་འདོན་སྤེལ་བྱེད་དགོས་པ་དང་། འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ་བེད་སྤྱོད་ཀྱང་ཡག་པོ་བཏང་ནས། མཚོ་སྔོན་དྲིལ་བསྒྲགས་འགྲེམ་སྟོན་དང་། ས་མཐོའི་གསང་བ་འཚོལ་ཞིབ། སྣོད་བཅུད་འཆམ་མཐུན་སྲུང་སྐྱོང་བཅས་ཀྱི་སྒེའུ་ཁུང་གལ་ཆེན་དང་། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ཀྱི་སྒུལ་ཤུགས་ལས་སྟེགས་ཤིག་ཏུ་འགྱུར་བར་བྱེད་དགོས། རྟེན་རྫས་བཤམས་མཛོད་ཁང་གི་ལྟེ་བའི་ནུས་པ་གཅིག་ཏུ་བསྡུས་ནས་རང་བྱུང་མངོན་མཚོན་བྱེད་པ་དང་། ཐོན་ཁུངས་ལ་གཏམ་ཤོད་དུ་འཇུག་པ། མཚོ་སྔོན་གྱི་གཟུགས་བརྙན་ཇི་བཞིན་སྟོན་པ་བཅས་བྱས་ཏེ། རྟེན་རྫས་ཁང་གི་ནང་དོན་ཕུན་སུམ་ཚོགས་པོ་རྒྱུན་ཆད་མེད་པར་ཁ་སྣོན་བྱས་ནས་མཚོ་སྔོན་གྱི་མི་མངོན་པའི་རིན་ཐང་དང་། སྣོད་བཅུད་ཀྱི་རིན་ཐང་། ཐོན་ཁུངས་ཀྱི་རིན་ཐང་བཅས་འབུར་དུ་དོད་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་བརྒྱུད་སྤྲོད་ཡག་པོ་བྱེད་དགོས། འཛམ་གླིང་གི་མིག་རྒྱང་དང་འཐབ་ཇུས་ཀྱི་བསམ་ཕྱོགས་འཛུགས་པ་དང་། སའི་གོ་ལའི་ཡང་རྩེ་ནས་མཚོ་སྔོན་གྱི་རིན་ཐང་ལ་ཞིབ་ལྟ་དང་མཚོ་སྔོན་གྱི་གནས་བབ་ལ་མཚན་ཉིད་འགོད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”འཛུགས་སྐྲུན་བྱེད་པ་བཅས་ལ་དམིགས་བསལ་གྱི་ནུས་པ་འདོན་དགོས། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་རྒྱུན་མཐུད་ཁུལ་གལ་ཆེན་ཞིག་ཡིན་སྟབས། ས་གཤིས་རྩད་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། རང་བྱུང་ཐོན་ཁུངས་དང་ས་ཁམས་བར་མཐོངས་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རང་བྱུང་དང་ཐོན་ཁུངས་ཀྱི་སྲུང་དམག་ཡག་པོ་ཞིག་བྱས་ཏེ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཞབས་འདེགས་སྔར་བས་ལེགས་པོ་ཞུ་དགོས།

ཡུས་ཚུང་ལེ་དང་ཐེན་ཅིན་ཁྲེན་གཉིས་ཀྱང་རྟོག་ཞིབ་གནང་བར་ཕེབས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།