མཚོ་སྔོན་གྱི་ལས་བྱེད་པའི་བྱང་ཚད་མཐོར་གཏོང་གི་འདུ་འགོད་སྲིད་འཛིན་གྲོང་ཚོ4146དང་སྡེ་ཁུལ474ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པའི་སློབ་རྒྱུས་དམའ་བ་དང་ཕྱོགས་བསྡུས་བྱང་ཚད་མཐོ་པོ་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ལ་བརྟེན་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་སློབ་རྒྱུས་དང་བྱང་ཚད་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཡོད། 2020ལོ་ནས་བཟུང་། དུས་ཡུན་ལོ་གསུམ་ཙམ་ནང་ཁག་ཐེངས་བགོས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་4146དང་སྡེ་ཁུལ་474ཡི་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་ཆེད་ཚན་སློབ་གྲྭ་ཆེ་མོའི་སློབ་རྒྱུས་ནང་མིང་ཐོ་འགོད་རྒྱུར་འཚམ་པའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པར་སློབ་རྒྱུས་མཐོར་གཏོང་དང་བྱང་ཚད་ནུས་པ་གསོ་སྐྱོང་བྱས་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་དང་བཅོས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

ཇི་ལྟར་བྱས་ཏེ་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་སློབ་རྒྱུས་དང་བྱང་ཚད་མཐོར་གཏོང་གི་གནད་དོན་ལ་དམིགས་ཏེ། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་ཆེད་དོན་བརྟག་ཞིབ་དང་རྣམ་ཀུན་གྱི་ལས་དོན་ལྟ་སྐུལ་ཞིབ་བཤེར་སོགས་དང་ཟུང་འབྲེལ་བྱས་ནས་ས་གནས་ཁག་ཏུ་བསྐྱོད་དེ་བརྟག་ཞིབ་ཐེངས་མང་བྱས་ཏེ། ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཁར། ས་ཁུལ་ཁག་གཅིག་གི་གྲོང་ཚོའི་ལས་བྱེད་པའི་སློབ་ཡུན་རིང་དུ་གཏོང་བའི་ཐད་ཀྱི་འཚོལ་ཞིབ་དང་ལག་ལེན་ཕྱོགས་སྡོམ་དང་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་དང་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད“གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་སློབ་རྒྱུས་དང་བྱང་ཚད་མཐོར་གཏོང་གི་འདུ་འགོད”ཀྱི་ལས་དོན་ཇུས་གཞི་བཏོན་ནས《གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་སློབ་རྒྱུས་དང་བྱང་ཚད་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། སྤྱི་ཡོངས་ཀྱི་དམིགས་ཚད་དང་། སློབ་ཚན་སྒྲིག་འཛུགས། བསྡུ་བྱའི་སློབ་མ་དང་ཆ་རྐྱེན་སོགས་ཕྱོགས་དགུའི་ཐད་ནས་ཁ་གསལ་བཟོས་པ་དང་ཚད་ལྡན་དུ་བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ལག་བསྟར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐོར་གཏོང་འཛིན་གྲྭར་སྲིད་འཛིན་དོ་དམ(གྲོང་ཚོ་དང་གྲོང་རྡལ་དོ་དམ་བྱེད་ཕྱོགས)དང་།  ཞིང་ལས་དཔལ་འབྱོར་དོ་དམ། བཟོ་ཚོང་ཁེ་ལས་དོ་དམ(ཤང་དང་གྲོང་རྡལ་གྱི་ཁེ་ལས་དོ་དམ་བྱེད་ཕྱོགས) སྒྲིག་བཀོད་ཞིང་ལས་དང་སྒྲིག་ཆས་བཅས་ཆེད་ཚན་སློབ་གྲྭ་ཆེ་མོའི་ཆེད་ལས་4བཙུགས་ཡོད། དེ་དང་དུས་མཚུངས། གྲོང་ཚོ་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་ལས་དོན་སྒྱུ་རྩལ། འགལ་ཟླ་འདུམ་འགྲིག འདེབས་གསོའི་ལག་རྩལ། དབུལ་སྒྲོལ་ཕྱུག་འགྱུར། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཉེར་སྤྱོད་སློབ་ཚན་བཀོད་སྒྲིག་བྱས་ཡོད། ངོ་ཐུག་གདོང་འཕྲད་ཀྱི་ཟུར་ཁྲིད་དང་དྲ་ཐོག་ཏུ་རང་སྦྱོང་བྱེད་པའི་བྱེད་ཐབས་བརྒྱུད་གསོ་སྦྱོང་དང་སློབ་སྦྱོང་བྱས་ཏེ། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ལས་དོན་དངོས་ཀྱི་དགོས་མཁོ་དང་སློབ་སྦྱོང་བྱེད་པའི་ཐད་ཀྱི་དགོས་མཁོ་ནུས་ལྡན་སྐོང་རྒྱུ་རེད།

ཆེད་ལས་རེར་སློབ་སྦྱོང་གྲོན་དངུལ་སྒོར་5000(དེའི་ནང་སློབ་ཡོན་དང་། སློབ་ཁྲིད་དཔྱད་གཞིའི་འགྲོ་གྲོན། མིང་ཐོ་འགོད་པའི་འགྲོ་གྲོན་བཅས་ཚུད་པ)དགོས་པའི་ནང་80%གྲོང་ཁྱེར་དང་ཀྲོའུ་དང་། རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱིས་འགན་འཁུར་བ་དང་། 20%སློབ་མ་སོ་སོས་འགན་འཁུར་དགོས་ཀྱི་ཡོད། སློབ་སྦྱོང་གི་གྲུབ་འབྲས་ཕུལ་དུ་བྱུང་བའི་སློབ་མར་ད་དུང་རྒྱལ་ཁབ་ཀྱིས་སློབ་ཆེན་ལ་སྤྲད་པའི“རེ་བའི་ས་ཞིང”གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་རྒྱུ་རེད། གྲོང་ཨུད་དང་ཀྲོའུ་ཨུད་ཁག་གི་རྩ་འཛུགས་པུས་སློབ་ཁྲིད་ལས་དོན་གྱི་རྗེས་སྙེགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སློབ་མའི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ཏེ། སློབ་མའི་སློབ་ཚན་འཚོགས་ཚུལ་དང་། སློབ་སྦྱོང་གི་གནས་ཚུལ། དཔྱད་ཞིབ་གྲུབ་འབྲས། བསམ་བློའི་འགུལ་རྣམ་སོགས་ཀྱི་གནས་ཚུལ་ཚུར་ལན་བྱས་ནས་སློབ་སྦྱོང་གི་མྱུར་ཚད་དང་སྤུས་ཚད་འགན་ལེན་བྱ་རྒྱུ་རེད། མིག་སྔར་ཁག་དང་པོའི་སློབ་མས་གཅིག་རྗེས་གཉིས་མཐུད་ངང་མིང་ཐོ་འགོད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།