མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་བྱེད་ཐབས་ཁག7བཏོན་ནས་ངལ་རྩོལ་པ་དབུལ་བོའི་ལས་ཞུགས་དང་དུད་ཚང་ཐོན་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུའུ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་བཅས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ངལ་རྩོལ་པ་དབུལ་བོའི་ལས་ཞུགས་དང་དུད་ཚང་ཐོན་ལས་འཕེལ་རྒྱས་ཀྱི་ཡོང་འབབ་འགན་ལེན་བྱེད་པར་སྲིད་ཇུས་ཀྱི་བྱ་ཐབས་བདུན་བཏོན་ཡོད། སྲིད་ཇུས་ལག་བསྟར་དུས་ཡུན་ནི2020ལོའི་ཟླ4པ་ནས་ཟླ7པའི་བར་ཡིན། 

གཅིག ངལ་རྩོལ་པ་དབུལ་བོས་ལས་ཞུགས་གཞན་སྒྱུར་བྱེད་པར་བསྔགས་སྐུལ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ངལ་རྩོལ་པ་དབུལ་བོས་ངལ་ནུས་བར་ཁེ་བ་དང་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུའི་སྒྲིག་གཞི། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་དང་ལས་རིགས་མཐུན་ཚོགས་སོགས་བརྒྱུད། ཁེ་ལས་སུ་ལས་ཞུགས་བྱེད་པའམ་ཡང་ན་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ནང་ཞུགས་པར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་སྒོར1000རེ་སྤྲོད་རྒྱུ་རེད།   

གཉིས། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པར་བསྔགས་སྐུལ་བྱ་དགོས། རིགས་སོ་སོའི་ཁེ་ལས་ཀྱིས་ངལ་རྩོལ་པ་དབུལ་བོ་བསྡུས་ནས་ལས་ཞུགས་བྱེད་པ་དང་ངལ་རྩོལ་གན་རྒྱ་བཞག་པ། ཁེ་ལས་ཀྱིས་མི་གཅིག་བསྡུ་ལེན་བྱས་པར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར1000སྤྲོད་རྒྱུ་རེད།  

གསུམ། ལས་རིགས་མཚམས་སྦྱོར་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ལས་ཞུགས་གཞན་སྒྱུར་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུའི་སྒྲིག་གཞི་དང་། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི། ལས་རིགས་མཐུན་ཚོགས་བཅས་ཀྱིས་ངལ་རྩོལཔ་དབུལ་བོར་རིན་མེད་ངང་འོས་སྦྱོར་བྱས་ནས་ལས་ཞུགས་ཐུབ་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ངལ་ལས་བར་ཁེ་བའི་རྩ་འཛུགས་ཀྱིས་ངལ་རྩོལ་པ་དབུལ་བོའི་སྣེ་ཁྲིད་དེ་ལས་ཞུགས་གཞན་སྒྱུར་བྱས་པར་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ་རེད།  

བཞི། ལས་གནས་སུ་ལོག་པར་འགྲིམ་འགྲུལ་གསབ་དངུལ་སྤྲད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ངལ་རྩོལ་པ་དབུལ་བོས་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུའི་སྒྲིག་གཞི་དང་། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི། ལས་རིགས་མཐུན་ཚོགས། ངལ་ནུས་བར་ཁེ་བ་སོགས་བརྒྱུད་ནས་ལས་གནས་སུ་ལོག་ཏེ་ལས་ཀ་བྱེད་པ་དང་། ས་ཁོངས་ལས་བརྒལ་ནས་ལས་ཞུགས་གཞན་སྒྱུར་བྱས་པར་རྫོང་རིམ་པའི་སྲིད་གཞུང་གིས་འགྲིམ་འགྲུལ་འགྲོ་གྲོན་དངོས་ལ་གཞིགས་ཏེ་ཁ་གསབ་སྤྲོད་དགོས། 

ལྔ། གྲོང་ཚོ་རིམ་པའི་གནས་སྐབས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་འཛུགས་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ4146ནང་གྲོང་ཚོ་རེར་གནས་སྐབས་རང་བཞིན་གྱི་སྤྱི་ཕན་ལས་གནས་མང་དུ་གཏོང་བ་དང་། དུད་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་དུད་ཚང་ཁྲོད་ཀྱི་ངལ་རྩོལ་ནུས་ཤུགས་ཞན་པ་གཙོ་གནད་དུ་བཀོད་སྒྲིག་བྱེད་པ་དང་མི་རེར་ཐེངས་གཅིག་རིང་བཞིན་གྱི་ལས་གནས་གླ་ཆ་སྒོར5000སྤྲོད་དགོས།  

   དྲུག དུད་ཚང་དབུལ་བོས་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། 2020ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། དངུལ་བུན་འཇལ་ཡུན་ཐོན་པར་དུས་བཀག་དངུལ་བུན་འཇལ་བའི་དུས་ཚད་འོས་འཚམ་གྱིས་ཕྱིར་འགྱངས་བྱས་ཆོག་ཅིང་། དུས་འགྱངས་བྱེད་ཡུན་རིང་ཤོས་ཟླ་བ་དྲུག་ལས་བརྒལ་མི་ཆོག ཆ་རྐྱེན་འཛོམས་པའི་དུད་ཚང་དབུལ་བོས་ཐོན་སྐྱེད་འཕེལ་རྒྱས་ལ་དངུལ་བུན་གྱི་དགོས་མཁོ་གསར་པ་ཡོད་ཚེ། དངུལ་བུན་དགོས་ངེས་རིགས་བསྐྱིས་ཆོག་ལ་སྲིད་ཇུས་ཁག་འགྱུར་ལྡོག་མེད། དུད་ཚང་དབུལ་བོས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རོགས་རེས་མ་དངུལ་བསྐྱི་དགོས་ཚེ། 2020ལོའི་ལོ་ཧྲིལ་བོར་དངུལ་བུན་བསྐྱི་ཚད་མཐོ་ཤོས་སྒོར་ཁྲི2ནས་སྒོར་ཁྲི4ལ་མཐོ་རུ་བཏང་ཡོད།  

བདུན། ཡོང་འབབ་དམའ་བའི་དུད་ཚང་གིས་ཐོན་སྐྱེད་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་རྫོང་དེ་གའི2019ལོའི་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི70%ལས་དམའ་ལ། ཐོན་སྐྱེད་འཕེལ་རྒྱས་བཏོང་འདོད་ཡོད་ཀྱང་མ་དངུལ་ཐོག་ནས་རྒྱབ་སྐྱོར་དགོས་པའི་ཡོང་འབབ་དམའ་བའི་ཞིང་འབྲོག་དུད་ཚང་ལ། དུད་ཚང་དབུལ་བོའི་དབུལ་སྐྱོར་གྱི་དངུལ་གྲངས་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ལྟར་ལོ་གཅིག་ནང་སྒོར་ཁྲི3མན་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཆོག །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།