ཝང་ཅན་ཅུན་གྱིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས27ཉིན་གྱི་ཕྱི་དྲོ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་རང་ཞིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྤྱི་འདོམས་བྱ་རྒྱུའི་བརྡ་ཁྱབ་བཏང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཚོགས་འདུར་ཞུགས་ཤིང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བརྡ་ཁྱབ་བཏང་བ་རེད།

གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིག་ཐུན་ཏེ་དང་། དམངས་གཙོ་མནའ་མཐུན་ཚོགས་པའི་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཝང་ཞོན། དགུ་གསུམ་སློབ་ཚོགས་ཀྱི་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི། ཞིང་ཆེན་སྤྱི་ཚོགས་གྲལ་རིམ་གསར་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་རེན་ཝེ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་འགོ་གཙོ་མ་ཡུའེ་ཞང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ་ཏེ་མགྲིན་གཅིག་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏུ་རྒྱལ་ཡོངས་མིག་མངས་སྐོར་གཅིག་ལྟ་བུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་རིམས་ནད་ལ་འགོག་རྒོལ་བྱས་པར་གྲུབ་འབྲས་ཆེན་པོ་བླངས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱུང་བ་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་གང་ལེགས་མངོན་ཡོད། སྔར་བཞིན་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མ་ཟད། གཞི་རིམ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་དང་ལས་གཉེར་ལས་ཞུགས་ལ་དོ་ཁུར་བྱེད་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཝང་ཅན་ཅུན་གྱིས་གཏམ་བཤད་དག་ལ་ནན་ཏན་གྱིས་གསན་རྗེས་གསུང་དོན། དཔྱིད་གསར་དུས་ཆེན་སླེབས་མ་ཐག་ནས་དཔྱིད་འགོ་ཚུགས་པའི་བར་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་འཐབ་འཛིང་བཅས་རྒྱག་བཞིན་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་རྒྱལ་ཁའི་སྐྱ་རེངས་ཤར་བ་རེད། རང་ཞིང་གི་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་མི་སྣ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་བཀུར་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རང་འགུལ་ངང་དྲང་ཕྱོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།

ཝང་ཅན་ཅུན་གྱིས་ནན་གསུང་གནང་དོན། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་མི་སྣ་བཅས་ཀྱི་ཐོབ་ཐང་དང་རིགས་ཁོངས་མི་འདྲ་ཡང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དམིགས་ཚད་ནི་གཅིག་མཚུངས་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ལྷག་བསམ་ཟོལ་མེད་ཀྱིས་བརྩི་བཀུར་ཞུ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ཞིང་། ཏང་གི་འགོ་ཁྲིད་ཀྱི་རྩ་དོན་མཐོ་ཤོས་དེ་དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་གཏོང་མི་རུང་། མི་དམངས་ནི་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པ་དང་མི་དམངས་ཀྱི་བདེ་ཐང་དེ་རི་བོ་ཐའེ་ཧྲན་ལས་གལ་ཆེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཤིང་། རང་དཔེ་གཞན་སྟོན་གྱིས་དྲང་ནུས་བསྐྲུན་དགོས་པ་དང་། འཇིག་རྟེན་དུ་མཛེས་སྡུག་ལྡན་པ་ཤིན་ཏུ་མང་ན་ཡང་། ཆེས་མཛེས་པ་དྲང་ནུས་ལས་མེད་པས། དྲང་ནུས་སྐྲུན་མཁན་དང་། དེ་ལ་སྐུལ་འདེད་གཏོང་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱེད་དགོས། ཉམས་སད་ཁྲོད་འཚོ་གནས་དང་འཕེལ་རྒྱས་གཏོང་བ་དང་། མི་ཡུལ་གྱི་བྱ་བ་ཐམས་ཅད་དཀའ་ཚེགས་ཆེ་ཡང་། དོན་དངོས་ལ་ཁ་ཕྱོགས་པ་དང་། དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱས་ན། འབྱུང་འགྱུར་ནི་འོད་སྟོང་འབར་བ་དང་རྫོགས་མཐའ་མེད་པ་ཞིག་རེད། ཡིད་ཆེས་བརྟན་པོས་མདུན་དུ་སྐྱོད་ཐུབ་ཚེ། སྒུག་མི་ཐུབ་པའི་དཔྱིད་ཀ་མེད་ལ། རྣམ་པར་རྒྱལ་མི་ཐུབ་པའི་རིམས་ནད་ཅིག་ཀྱང་མེད། རིམས་ནད་ཀྱི་མདུན་དུ་ཚེ་སྲོག་ཨང་དང་པོ་ཡིན་པ་དང་། རིམས་ནད་འདས་རྗེས་འཚོ་ཚིས་ཨང་དང་པོ་ཡིན། ཏང་ཨུ་དང་སྲིད་གཞུང་ནི་ཚང་མའི་སྲོག་ཤིང་ཡིན་ལ། མཐུན་སྒྲིལ་དང་ཡིད་ཆེས་ནི་རྒྱལ་ཁའི་འགྱུར་སྐུལ་རྫས་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གསར་དུ་བསྐྲུན་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།