ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་མཚོ་སྔོན་དུ་ཕྱིར་ལོག་ནས་ངལ་གསོ་སྙོམས་སྒྲིག་བྱེད་པའི་སྐབས་པྲོག་གསར་གློ་ཚད་སྨན་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སློབ་སྦྱོང་དང་འཚོལ་ཞིབ་བྱ་རྒྱུ་སྔར་བཞིན་མི་བརྗེད་པར་བྱས། ཟླ3པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་གྱི“རིམས་ནད”སྨན་བཅོས་བྱེད་དུ་ལེ་དབར་སྟོང་ལ་བསྐྱོད་པ་དང“མཚོ་སྔོན”གྱི་པྲོག་གསར་གློ་ཚད་རིམས་ནད་སྨན་བཅོས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་བགྲོ་གླེང་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།
པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བཀོད་སྒྲིག་འོག་ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ས་ཁུལ་གྱི་པྲོག་གསར་གློ་ཚད་འགོག་བཅོས་ལས་དོན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་ཡོད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཞིང་ཆེན་གསོ་རིག་སློབ་ཚོགས། ཞིང་ཆེན་ནད་སྐྱོང་སློབ་ཚོགས་བཅས་ཀྱི་གྲ་སྒྲིག་ཧུར་ཐག་འོག་མཚོ་སྔོན་གྱི་དགེ་རྒན་ཆེན་མོ་ཀྲའོ་ཧྲེང་ཤིའུ་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་དགེ་རྒན་ཆེན་མོ་ཧོའུ་མིང་གིས་སྨན་བཅོས་རུ་ཁག་གི་རུ་མི་ཡོངས་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་དོན་མི་སྣ་དང་དེ་བཞིན་གསོ་རིག་ཆེད་ལས་ཀྱི་སྒྲིག་སྲོལ་གསོ་སྦྱོང་སློབ་མ། ཞིབ་འཇུག་སློབ་མ་སོགས་མི་གྲངས1200ལྷག་ཙམ་རྩ་འཛུགས་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་བདེ་བླག་ངང་སྨན་བཅོས་བྱས་པའི་ཉམས་མྱོང་ཐུན་མོང་ལ་མཉམ་སྤྱོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་ནད་དཔྱད་དང་སྨན་བཅོས་ཆུ་ཚད་དང་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཁྲེན་ཞའོ་ཕིང་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཏུང་ཅ་ཧུང་། མཚོ་སྔོན་གྱི་མཁས་དབང་ཀྲའོ་ཧྲེང་ཤིའུ་བཅས་དང་། པེ་ཅིང་ཞེ་ཧོ་སྨན་ཁང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་སོགས་རྒྱལ་ནང་གི་སྨན་ཁང་གྲགས་ཅན་གྱི་གསོ་རིག་མཁས་པ་གདན་དྲངས་ནས་ནད་ཐོག་སྨན་བཅོས་དང་། སྨན་ཁང་གི་གནས་ཚུལ། ནད་གཡོག་བཅས་ཀྱི་ཐད་ཉམས་མྱོང་བརྗེ་རེས་བྱས་པ་རེད། གསོ་རིག་ཆེད་མཁས་པ་ཚོས་རང་ཞིང་གི་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་དུ་ནད་ཐོག་སྨན་བཅོས་ལས་དོན་ལས་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཚང་མས་ཧུར་ཐག་གིས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་སླད་ཕྱིན་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཐུབ་རྒྱུར་རྨང་གཞི་འདིང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། སླད་ཕྱིན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་རྨང་གཞིར་བྱས་ཏེ་གཞི་གྲངས་ཆེན་མོ་དང་། ཟོག་སྦྲེལ་དྲ་བ། མིས་ཐབས་ཀྱི་རིག་ནུས་ལག་རྩལ་བཅས་སྤྱོད་དགོས་པའི་གྲོས་འགོ་བཏོན་པ་རེད། གྲོང་མི་མི་སྒེར་གྱི་ཚད་འཇལ་དཔྱད་དཔོག་དང་། སྡེ་ཁུལ་གྱི་རིམས་ནད་རིག་ནུས་སྔོན་འགོག་ཚོད་འཛིན། རིག་ནུས་དབྱེ་ཞིབ། རིག་ནུས་བརྟག་དཔྱད། ཡུན་རིང་གི་རིག་ཚན་མང་པོའི་མཐུན་སྦྱོར་དཔྱད་བཅོས། སྐུད་མེད་ཚེ་སྲོག་ལུས་རྟགས་ལྟ་ཞིབ་ཚད་ལེན། ལོགས་དབྱེའི་ནད་ཁང་སྐོར་སྐྱོད་སྨན་བཅོས་འཕྲུལ་མི། ལུས་དྲོད་དང་སྙིང་འཕར་ལྟ་ཞིབ་ཚད་ལེན་མ་ལག་བཅས་གཞི་གཅིག་ཏུ་འདུས་པའི་རིག་ནུས་སྔོན་འགོག་ཚོད་འཛིན་མ་ལག་ཕྱོགས་བསྡུས་བྱས་ཏེ། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་རྒྱལ་སྤྱིའི་སྔོན་ཐོན་གྱི་གསོ་སྐྱོང་བྱེད་སྟངས་དཔྱད་གཞིར་འཛིན་དགོས། ཚོད་འཛིན་དང་། རིམ་དབྱེ། ཁུལ་དབྱེ་བཅས་ཀྱི་དོ་དམ། སྨན་བཅོས་མི་སྣ་བཀོད་སྒྲིག ཚད་ལྡན་སྨན་བཅོས་བཅས་བྱས་ནས་ནད་གཞི་མྱུར་སྐྱོབ་ཀྱི་གྲུབ་འབྲས་ཐོབ་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས་སྨན་དོན་མི་སྣར་མི་འགོས་པ་བྱ་དགོས་པའི་རེ་བ་བཏོན།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཚན་རྩལ་ཐིང་གིས་རིམས་ནད་ཁྲོད་རང་ཞིང་གི་འཕྲོད་བསྟེན་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ལས་སྟེགས་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི400བཏང་ནས་འཕྲལ་སྡོམ་ཚན་རྩལ་ཆེད་དོན་རྣམ་གྲངས7བཙུགས་པ་དང་རིམ་ཁག་སྨན་བཅོས་སྒྲིག་གཞིས་ཚན་རྩལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་འགན་ལེན་མཁོ་འདོན་བྱས་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཧུའུ་པེར་རོགས་སྐྱོར་དུ་ཕྱིན་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གིས་ངལ་གསོ་སྙོམས་སྒྲིག་བྱེད་པའི་སྐབས་པྲོག་གསར་གློ་ཚད་སྨན་བཅོས་ཀྱི་རིགས་པའི་གཞུང་ལུགས་གསར་པ་དང་ལག་ལེན་བགྲོ་གླེང་ཚོགས་འདུའི་དྲ་རྒྱའི་གསོ་སྦྱོང་བྱས་པ།