ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་3པའི་ཚེས་24ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར། སྐབས་བཅུ་དགུ་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་(རྐང་འཁོར།)འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་སླར་ཡང་རིམ་སྤོར་ཐུབ་པ་དང་བསྟུན་ནས་འགྲན་བསྡུར་ལམ་སྲོལ་དང་། སྒྲིག་འཛུགས་ཨུ་ལྷན་གྱི་འཁོར་སྐྱོད་ལམ་སྲོལ། ཚོང་འགུག དྲིལ་བསྒྲགས་སོགས་ཕྱོགས་མང་པོར་འགྱུར་ལྡོག་འགྲོ་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་དེ་UCIཡི་ལས་རིགས་མུ་འབྲེལ་འགྲན་བསྡུར་དུ་རིམ་སྤོར་བྱ་རྒྱུ་ཡིན་པ་དང་། UCI ཡི་གཏན་འབེབས་ལྟར་འགྲན་རིམ་8ལ་ལེགས་སྒྲིག་བྱས་ནས“རྫོགས་ལྡན་གཟའ་འཁོར་འགྲན་བསྡུར”ལ་འགྱུར་རྒྱུ་ཡིན་པ་རེད། འགྲན་བསྡུར་ཁྲོམ་ར་ཅན་ལ་སྒྱུར་བཅོས་སྔར་བས་གཏིང་ཟབ་གཏོང་ཆེད། འདི་ལོ་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་དེ་མཚུངས་ཀྱི་ལེགས་སྒྲིག་བྱས་པ་དང་། དེ་སྔའི་ལས་དོན་ཚོ་ཆུང་11ནས་ལས་དོན་ཚོ་ཆུང་6་ལ་ལེགས་སྒྲིག་བྱས་པ་སྟེ། དེ་སྔའི་དྲུང་ཡིག་ཚོ་ཆུང་དང་ཕྱི་དོན་ཚོ་ཆུང་དེ་དྲུང་ཡིག་ཚོ་ཆུང་དུ་ཟླ་སྒྲིལ་བཏང་བ་དང་། དེ་སྔའི་འགྲན་བསྡུར་ཚོ་ཆུང་དང་ལས་ཡུལ་ཡོ་ཆས་ཚོ་ཆུང་གཉིས་འགྲན་བསྡུར་ཚོ་ཆུང་དུ་སྡེབ་སྒྲིག་བྱས་པ། དེ་སྔའི་དྲིལ་བསྒྲགས་ཚོ་ཆུང་དང་ཚོང་འགུག་ཚོ་ཆུང་ཟླ་སྒྲིལ་བཏང་བ་མ་ཟད། དེ་སྔའི་རྒྱབ་ཕྱོགས་མཁོ་སྒྲུབ་ཚོ་ཆུང་དང་སྣེ་ལེན་ཚོ་ཆུང་ཟླ་སྒྲིལ་བཏང་བ། འཁོར་རིགས་ཚོ་ཆུང་དང་བྱེད་སྒོའི་ཚོ་ཆུང་རང་འཇགས་སུ་བཞག་ཡོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་དེ་རིམ་སྤར་རྗེས་ཀྱི་འགྲན་བསྡུར་ཐེངས་དང་པོར་འགྱུར་རྒྱུ་ཡིན་ལ། UCIལས་རིགས་འགྲན་བསྡུར་ཀྲུང་གོར་གཉེར་ཐེངས་ཐོག་མ་དེར་འགྱུར་རྒྱུ་རེད། དེ་ལྟར་འགྲན་བསྡུར་ལམ་ལུགས་ཀྱི་འགྱུར་ལྡོག་གིས་འགྲན་བསྡུར་ལ་འགྲན་སློང་གསར་པ་རབ་དང་རིམ་པ་བསུས་ཡོད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུད་ཀྱིས་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་ཚོ་ཆུང་ཁག་ལ་མཚོ་སྐོར་འགྲན་བསྡུར་དེ་UCI་ལས་རིགས་མུ་འབྲེལ་འགྲན་བསྡུར་དུ་རིམ་སྤོར་བྱས་རྗེས་ཀྱི་འགྱུར་ལྡོག་ཤེས་རྟོགས་གང་ལེགས་བྱས་ཏེ་གནས་གཏན་འཁེལ་དང་འཕེལ་ཕྱོགས་ཁ་གསལ་བཟོ་བ་དང་། འགྲན་བསྡུར་རིམ་སྤོར་ལས་བྱུང་བའི་མཐུན་རྐྱེན་གང་ལེགས་སྤྱད་དེ་སྐབས་གོང་མའི་འགྲན་བསྡུར་ལས་ཡག་པ་གཉེར་དགོས་ཚུལ་དང་། མཚོ་སྐོར་འགྲན་བསྡུར་གྱི་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་དགོས་པ། ལས་ཀའི་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་དགོས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཁྲོམ་ར་གསར་སྤེལ། འགྲན་བསྡུར་གྱི་ལམ་ཐིག་ཇུས་འགོད། ཁྲོམ་ར་ཅན་གྱི་སྒྱུར་བཅོས་བཅས་ཚང་མ་དུས་གཅིག་ཏུ་སྤེལ་དགོས་པ། ལས་བགོས་བཀོད་སྒྲིག་གནད་ལ་འཁེལ་བ་བྱེད་དགོས་པ། དུས་མཚུངས་སུ་ད་ལོ་མི་སྣ་དང་རླངས་འཁོར་བཀོད་སྒྲིག་སྔར་བས་ཡག་པ་བྱས་ཏེ་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ད་ལོའི་མཚོ་སྐོར་ལྕཊ་རྟ་འགྲན་བསྡུར་ཐད་གྱི་འཕྲིན་གསར།