མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རླངས་འཁོར་ཤར་གཏོང་བྱུང་བའི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི8.38ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན། 2020ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་བསྡུས། གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས2019ལོར་འགྲིམ་འགྲུལ་ཐད་གཏན་འཇགས་མ་རྩ་སྒོར་དུང་ཕྱུར203.6བཏང་སྟེ། སྤྱི་ལེ700ཙམ་གྱི་རིམ་པ་མཐོ་བའི་གཞུང་ལམ་གསར་པ8ལས་ནས། གཞུང་ལམ་གྱི་མགྲོན་སྐྱེལ་ཚད་མི་ཐེངས་ཁྲི5070.59དང་། གཞུང་ལམ་གྱི་ཟོང་སྐྱེལ་ཚད་ཏུན་དུང་ཕྱུར་ཁྲི1.61། ཆུ་ལམ་གྱི་མགྲོན་སྐྱེལ་ཚད་མི་ཐེངས་ཁྲི98.83བཅས་སུ་སླེབས་པ་ལེགས་འགྲུབ་བྱུང་།

2019ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་ཤར་གཏོང་བྱུང་བའི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི8.38ལ་སླེབས། དེའི་ཁྲོད་དུ། མྱུར་བགྲོད་གཞུང་ལམ(རིམ་པ་དང་པོ་འདུ)སྤྱི་ལེ4040དང་། རིམ་པ་གཉིས་པའི་གཞུང་ལམ་སྤྱི་ལེ8717དང་ཞིང་ཆེན་ཡོངས་ཀྱི་མཁའ་ལམ་དང་གྲུ་ལམ་གྱི་ལམ་ཐག་སྤྱི་ལེ663ལ་སླེབས་ཡོད།

རང་ཞིང་གི་གྲོང་ཁྱེར་དང་ཁུལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་ལས་ཡོད་པ་དང་། རྫོང་རིམ་པའི་སྲིད་འཛིན་ཁུལ་ཡོངས་སུ་རིམ་པ་གཉིས་པའི་གཞུང་ལམ་ལས་ཡོད་ཅིང་། ཆ་རྐྱེན་འདང་བའི་ཞང་གྲོང་དང་སྒྲིག་གཞི་ཚང་བའི་སྡེ་བ་ཡོངས་ལ་སྲ་བསྒྱུར་ལམ་ལས་ཡོད་ཅིང་འགྲུལ་འཁོར་བགྲོད་ཐུབ།

2019ལོར། ཞིང་ཆེན་ཡོངས་ཀྱི་འཁོར་ལམ་བརྒྱད་ཅན་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ—ཟབ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་སོགས་ལས་གཞི8ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཤིང་། ཁྲོན་ཁོའུ་ནས་ཧའེ་ཧྲི་ཝན་བར་གྱི་ཞིང་ཆེན་བརྒལ་བའི་ཟམ་ཆེན་འཛུགས་སྐྲུན་བྱས་ནས་རླངས་འཁོར་བགྲོད་ཐུབ་པ་བྱུང་། རྒྱ་ཏིག་ནས་ནུབ་མཚོ་དང་པེན་ཏུའུ་ཁོའུ་ནས་མིན་ཡོན་བར་སོགས་ལས་གཞི་གཅོ་བོ18གོམ་པ་བརྟན་པོས་སྐུལ་སྤེལ་བྱས་ལ། ཕན་ཕོ་ནས་འཇུ་ལག་ཆུ་བོའི་བར་དང་ན་གོར་མོ་ནས་མང་འེ་རྙིང་བ་བར་སོགས་ལས་གཞི3གསར་དུ་འཛུགས་སྐྲུན་བྱེད་མགོ་བརྩམས། དུས་མཚུངས་སུ་མ་དངུལ་སྒོར་དུང་ཕྱུར11.32བཏང་སྟེ“བདེ་བགྲོད་ཟི་ལིང”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས།

2019ལོར་རང་ཞིང་གིས་གྲོང་གསེབ་གཞུང་ལམ་སྤྱི་ལེ5807དང་དམངས་བདེ་ཟམ་པ152གསར་དུ་འཛུགས་སྐྲུན་བྱས་པ་དང་། “བཟང་བ་བཞིའི་གྲོང་གསེབ་ལམ”གྱི་རྒྱལ་ཁབ་དཔེ་སྟོན་རྫོང1དང་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང4གསར་སྐྲུན་བྱས་ཏེ། ཞང་གྲོང362དང་། སྒྲིག་གཞི་ཚང་བའི་སྡེ་བ4146ལ་སྲ་བསྒྱུར་ལམ་ལས་པ་དང་ཞང་གྲོང366དང་། སྒྲིག་གཞི་ཚང་བའི་སྡེ་བ4061ལ་འགྲུལ་འཁོར་བགྲོད་ཐུབ་པ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ལ། ཞིང་ཆེན་ཡོངས་སུ་ཆ་རྐྱེན་འདང་བའི་ཞང་གྲོང་དང་། སྒྲིག་གཞི་ཚང་བའི་སྡེ་བ100%ལ་སྲ་བསྒྱུར་ལམ་ལས་ལ། 100%ཡིས་འགྲུལ་འཁོར་བགྲོད་པའི“བགྲོད་པ་གཉིས”ཀྱི་དམིགས་ཡུལ་བདེ་བླག་ངང་མངོན་འགྱུར་བྱུང་།

གླེང་རིན་ཡོད་པ་ཞིག་ནི། རང་ཞིང་གིས་འགྲིམ་འགྲུལ་ཐད་གཏན་འཇགས་མ་དངུལ་གཏོང་བའི་ལོ་ལྔའི་འཆར་གཞི་ཐོག་དང་པོར་སྒོར་ཁྲི6687ཡིན་པ་ནས“ལྔ་བཅུ་གསུམ”གྱི་ལོ་སྔོན་མ་བཞི་རུ་སྒོར་དུང་ཕྱུར1419ལ་འཕར་ཡོད་ཅིང་། ལྡབ2122འཕར་ཡོད། གཞུང་ལམ་སྟེང་རླངས་འཁོར་བགྲོད་པའི་ལམ་ཐག་སྤྱི་ལེ472ནས་སྤྱི་ལེ་ཁྲི8.38ལ་འཕར་ཡོད་ལ། ལྡབ177འཕར་ཡོད། མྱུར་བགྲོད་གཞུང་ལམ(རིམ་པ་དང་པོ་འདུ)མེད་པ་ནས་ཡོད་པར་གྱུར་པ་དང་། སྤྱིའི་ལམ་ཐག་སྤྱི་ལེ4000ལས་བརྒལ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།