འབྲོག་པ་མང་ཚོགས་ཀྱི་འཛུམ་མདངས་ནི་ཆེས་ལེགས་པའི་དྲིས་ལན་རེད།

      “ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་ལ་སླེབས་ཤིང་། གངས་འཚུབ་དང་གྲང་ངར་གྱི་ནམ་ཟླའི་ཆ་རྐྱེན་འོག་ཏུ་དུད་ཁྱིམ223དང་མི་གྲངས813ཅན་གྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་ཆགས་ཡོད། དེ་ལས་དབུལ་ཕོངས་ཁྱིམ་ཚང125དང་མི་གྲངས487ཡོད་པས། ཚབས་ཆེའི་དབུལ་ཕོངས་སྡེ་བའི་གྲས་སུ་གཏོགས།”ཧྲུའུ་ཅི་དང་པོ་བསོད་ནམས་མགོན་ལས་གནས་སུ་འབྱོར་མ་ཐག་ཏུ་དེ་འདྲའི་དབུལ་ཐར་དཀའ་གནད་ཅིག་ལ་གདོང་གཏོད་དགོས་པ་བྱུང་བས་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། ཞང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་གཅིག་པུ་ཡིན་པའི་ཆ་ནས། ཇི་ལྟར་བྱས་ན་ད་གཟོད་ཡུལ་དེ་འཕེལ་རྒྱས་སུ་གཏོང་བའི་གསང་བ་བརྟོལ་ཐུབ་བམ།

“མ་མཐའི་འཚོ་བའི་འགན་སྲུང་ཡོང་འབབ་སྒོར5600དང་རྩྭ་སའི་ཁ་གསབ་སྒོར4000ལྷག སྐྱེ་ཁམས་གཉེར་སྐྱོང་པའི་གླ་ཕོགས་སྒོར21600། ཞོར་ལས་ཡོང་འབབ་སྒོར་ཁྲི2” སྟོན་གཞུང་གི་དུས་སུ། དབུལ་ཕོངས་ཁྱིམ་ཚང་དུ་གཏོགས་པའི་བཙན་ཤེས་ཀྱིས་མཛུབ་མོ་བཀུག་ནས་ཁོ་དང་ཁོའི་ཆུང་མའི་ད་ལོའི་ཡོང་འབབ་རྩི་བཞིན་གདོང་ལ་འཛུམ་གྱིས་ཁེངས་འདུག

ཡོང་འབབ་ཁ་སྣོན་དང་བསམ་བློ་བསྒྱུར་བཅོས། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་བཅས་ཀྱི་དྲི་བ་དག་ལ་དྲིས་ལན་ལེགས་པོ་ཞིག་འདེབས་ཕྱིར་དར་དམར་སྡེ་བས་ཐབས་བརྒྱ་ཇུས་སྟོང་བཏོན་ཡོད་ལ། བཙན་ཤེས་ཀྱི་འཛུམ་མདངས་ཀྱང་ཁོ་ཚོའི་སྡེ་བས་སྤྲད་པའི“དྲིས་ལན”གྲས་ཀྱི་གཅིག་རེད།

བཙན་ཤེས་ནི་ད་ལོར་ལོ་ན45རེད། ལོ་མང་པོའི་རིང་ཁོ་ཚང་ལ་ནོར་ལུག་གཅིག་ཀྱང་མེད་ནའང་ཁོ་བཟའ་ཟླ་གཉིས་ཀྱིས་ཚོང་ཆུང་ཆུང་ཞིག་བརྒྱབ་པ་ལ་བརྟེན་ནས་འཚོ་བ་བསྐྱལ་བ་རེད། ཡིན་ཡང་སྐྱིད་མི་རྟག་མཚན་མོའི་རྨི་ལམ་འདྲ་ཟེར་བ་བཞིན། ལོ་འགའི་ཡར་སྔོན་དུ་ཁོའི་ཆུང་མ་སངས་འཚོ་ལ་གློ་གཅོང་ནད་བྱུང་བ་དང་། དེ་ནས་ཡང་ཅང་མ་འགོར་བར་ཐུམ་འབུའི་ནད་བྱུང་སྟེ་ཁྱིམ་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་སྡུག་ཏུ་ཕྱིན། 2018ལོར། ཁུལ་བཟོ་ཚོགས་ཀྱི་མཐུན་སྦྱོར་འོག་ཞིང་ཆེན་རྒྱ་གྲམ་དམར་པོས་མ་དངུལ་སྒོར་ཁྲི20བཏང་ནས་བྱམས་བརྩེ་རང་འདེམས་ཚོང་ར་གསར་དུ་བཙུགས་ཤིང་། དེར་བདག་གཉེར་མི་སྣ་འདེམས་པའི་སྐབས་སུ“སྐད་གཉིས་ཤེས་ཡོན་པ”བཙན་ཤེས་ལ་སྡེ་དམངས་ཚོགས་ཆེན་གྱི་འདེམས་ཤོག་མང་ཤོས་ཐོབ་ནས་བདམས་ཐོན་བྱུང་།

“ཐོན་ལས་འདི་འདྲ་ཞིག་གཉེར་དོན་ནི་རྫོང་མཁར་དུ་འགྲོ་བའི་གཞུང་ལམ་རྒྱུད་དུ་རང་འདེམས་ཚོང་ར་གཅིག་ཀྱང་མེད་པས་རེད། ཡང་གཅིག་བཤད་ན་བཙན་ཤེས་ཀྱིས་ཆུང་མར་བདག་སྐྱོང་བྱེད་དགོས་ལ་ཐག་རིང་དུ་ཞོར་ལས་ལ་འགྲོ་མི་ཐུབ་པས། ཁོས་རང་འདེམས་ཚོང་རར་བདག་གཉེར་བྱས་ན་ཁོའི་སྐད་གཉིས་ཀྱི་ལེགས་ཆ་བེད་སྤྱད་པ་ཡིན་ལ་ཁོར་ལས་ཞུགས་ཀྱི་གོ་སྐབས་ཤིག་ཀྱང་སྤྲད་པ་རེད”ཅེས་དར་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བསྟན་འཛིན་གྱིས་མཚམས་སྦྱོར་བྱས་བྱུང་། རང་འདེམས་ཚོང་ར་ལས་གཉེར་བྱས་རྗེས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཚོང་ཟོག་ནང་འདྲེན་ལ་འགན་འཁུར་བཞིན་ཡོད་ལ།བཙན་ཤེས་ཀྱིས་ཚོང་ཟོག་ཕྱིར་འཚོང་གི་འགན་ཁུར་ཡོད་པ་དང་ལོ་རེར་གླ་ཕོགས་སྒོར་ཁྲི2ལེན་བཞིན་ཡོད། མིག་སྔའི་བར་དུ་ད་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི4ལྷག་ལ་སླེབས་ཤིང་། ལོ་མཇུག་ཏུ་ཡོང་འབབ་འདི་བགོ་བཤའ་རྒྱག་དགོས།

“དྲིས་ལན”གཞན་ཞིག་གི་མི་སྣ་གཙོ་བོ་ནི་ད་ལོར་ལོ་ན52ལ་སོན་པའི་མགོན་པོ་ཡིན། ལོ་གསུམ་གྱི་ཡར་སྔོན་དུ་ཁོ་ཚང་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པའི་གནས་སུ་གཞིས་ཆགས་ཡོད་ལ། དེར་མཚོ་ངོས་ལས་མཐོ་ཚད་མཐོ་བ་དང་རང་བྱུང་ཐོན་ཁུངས་དཀོན་པས། 2016ལོར་ཞང་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ་ཁོ་བཟའ་ཟླ་གཉིས་ཀྱིས་བྱིས་པ་ལྔ་ཁྲིད་དེ་སྡེ་དམངས་གཞན་དང་མཉམ་དུ་ཞང་སྲིད་གཞུང་ཉེ་འགྲམ་གྱི་གཅིག་བསྡུས་གཞིས་སྡོད་བྱེད་གནས་སུ་གནས་སྤར། ཆུ་དང་གློག དྲོད་རླངས། གསང་སྤྱོད་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་བཅད་ལ། སློབ་གྲྭ་དང་བྱིས་སྙོར་ཁང་། འཕྲོད་བསྟེན་ཁང་། རིག་གནས་ཐང་ཆེན་སོགས་མཁོ་དགུ་མ་ལུས་འཛོམས་ཡོད།

“འདིར་གནས་སྤར་རྗེས་ང་ནི་ཞང་གི་ཁོར་ཡུག་གཙང་སྤྲ་མཁན་ཞིག་ཏུ་གྱུར་ལ། ལས་ཀ་གཙོ་བོ་ནི་ཉིན་རེའི་ནངས་དགོང་ལ་ཞང་སྲིད་གཞུང་མཐའ་འཁོར་གྱི་གད་སྙིགས་གཙང་དག་བྱེད་པ་དེ་ཡིན་ལ། ལོ་གཅིག་ལ་གླ་ཕོགས་སྒོར་ཁྲི1ཡོད། ད་ལྟ་སྐྱ་བྷ་ཡང་ང་དང་མཉམ་དུ་ལས་ཀར་ཞུགས་པས་ཁྱིམ་ཚང་གི་ཡོང་འབབ་ཀྱང་དེ་ལྟར་ཇེ་མང་དུ་སོང་ཡོད།” སྐྱ་བྷ་ནི་མགོན་པོའི་བུ་ཆུང་བ་ཡིན་ལ་རྣ་ཚོར་ཉམས་པའི་ནད་བྱུང་ཡོད་པ་དང་ཕྱི་རུ་ཞོར་ལས་གཉེར་ཐབས་མེད་པས། ད་ལོའི་ཟླ་གསུམ་པར་ཞང་སྲིད་གཞུང་གིས་ཁོ་གཉིས་མཉམ་དུ་ལས་ཞུགས་བྱེད་པར་བཀོད་སྒྲིག་བྱས།

དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་སྐོར་གླེང་དུས། མགོན་པོར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོས་དགོད་ཞོར་དུ་མ་མཐའི་འཚོ་བའི་འགན་སྲུང་དང་རྩྭ་སའི་ཁ་གསབ་ལས་གཞན་ལོ་རེར་སྒོར8000ཡས་མས་ཀྱི་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཡོད་ལ། ད་དུང་ངེད་ཕ་བུ་གཉིས་ཀྱི་གླ་ཕོགས་བསྣན་རྗེས་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ཐག་ཆོད་རེད་ཅེས་བཤད་བྱུང་།

བཅར་འདྲིའི་ཁྲོད་དུ་གསར་འགོད་པས་རྒྱུས་ལོན་བྱུང་བ་སྟེ། རང་འདེམས་ཚོང་ར་དང་ཁོར་ཡུག་གཙང་སྤྲ་ཀུང་སི་ལས་གཞན། མིག་སྔར་སྡེ་བའི་ནང་གི་མགྲོན་ཁང་ཡང་འགྲུབ་ལ་ཉེ་བ་དང་མགྲོན་ཁང་ནང་གི་ཉེར་སྤྱོད་དངོས་པོ་དག་ཀྱང་ཉོ་སྒྲུབ་བྱས་ཚར་འདུག

“ཉེ་བའི་ལོ་འདི་དག་ལ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོང་རར་མདུན་ལྗོངས་ཆེན་པོ་ལྡན། འདི་ནི་ཡུལ་ཤུལ་ནས་ཟི་ལིང་ལ་འགྲོ་བའི་བརྒྱུད་ལམ་ཞིག་ཡིན་པས་ཕྱོགས་སོ་སོའི་འདེགས་སྐྱོར་ལ་བརྟེན་ནས་ཨ་སྟག་ལྷ་མོ་མགྲོན་ཁང་གསར་དུ་བཙུགས་པ་རེད”ཅེས་ཉི་བསྟན་རྡོ་རྗེས་གསར་འགོད་པར་དེ་ལྟར་བཤད་བྱུང་། མགྲོན་ཁང་དེས་རང་འདེམས་ཚོང་ར་དང་འདྲ་བར་སྡེ་བའི་ཐུན་མོང་ཡོང་འབབ་ལ་ཁ་སྣོན་བྱེད་ཐུབ་པར་མ་ཟད།ས་གནས་ཀྱི་ངལ་རྩོལ་ནུས་པ་ཁག་ཅིག་ཀྱང་ཐག་གཅོད་བྱེད་ཐུབ། འཆར་གཞི་ལྟར་མིག་སྔའི་བར་དུ་ན་གཞོན15མགྲོན་ཁང་དོ་དམ་གྱི་ཟབ་སྦྱོང་ལ་ཞུགས་ཡོད་པ་དང་ལས་གཉེར་མགོ་ཚུགས་རྗེས་ཐད་ཀར་ལས་རྐང་དུ་ཞུགས་ཆོག

“སྔོན་ཆད་ཕྱི་རུ་སོང་ཡང་ཞོར་ལས་ཙག་ཙིག་མ་གཏོགས་ལས་མི་ཐུབ་ལ། ལོ་གང་བོར་དཀའ་ལས་བརྒྱབ་ཀྱང་སྒོར་མོ་མང་པོ་ཐོབ་མི་ཐུབ། མགྲོན་ཁང་ནས་ལས་ཞུགས་བྱས་རྗེས་བརྟན་འཇགས་ཀྱི་བྱ་བ་ཞིག་ཡོད་པ་རེད” “ལས་ཞུགས་མཁན”ཞིག་ཏུ་འགྱུར་ལ་ཉེ་བའི་པད་མའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་འདུག “རང་ཚང་གི་སྒོ་ཁ་ནས་དབུལ་ཐར་གྱི‘གསེར་ཕོར’རྙེད་དེ་རང་གི་ངལ་རྩོལ་ལ་བརྟེན་ནས་སྒོར་མོ་འཚོལ་བའི་འཚོ་བ་ནི་གཟི་བརྗིད་ལྡན་པ་ཞིག་རེད།”

དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན་པ་དང་གདོང་ལ་འཛུམ་མདངས་རྒྱས་ཤིང་། རྣམ་རིག་ཡང་ཇེ་རྒོད་དུ་གྱུར་འདུག དེ་ནི་བསོད་ནམས་མགོན་གྱིས་བཤད་པ་བཞིན་དུ། སྡེ་དམངས་ཚོའི་གདོང་གི་འཛུམ་མདངས་ནི་དབུལ་ཐར་བྱ་བའི་ཆེས་ལེགས་པའི་དྲིས་ལན་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།