རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྤྱི་ཕན་རང་བཞིན་གྱི་ཆུ་ཐོག་རོགས་སྐྱོབ་རུ་ཁག་ཐོག་མ་དེ་དངོས་སུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཀུན་ཏུ་ཁྱོན་ཡོངས་ནས་ཕྱོགས་མང་འཕྲལ་སྡོམ་སྒྲོམ་གཞི་བསྐྲུན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྟོད་རྒྱུད་ཀྱི་ཐོལ་བྱུང་དོན་རྐྱེན་ཁ་གཏད་གཅོག་ནུས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཆུ་ཐོག་འཚོལ་སྐྱོབ་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། ཟླ3པའི་ཚེས24ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཕན་རང་བཞིན་གྱི་ཆུ་ཐོག་རོགས་སྐྱོབ་རྩ་འཛུགས་དང་པོ་སྟེ“ཡུལ་ཤུལ་ཁུལ་གཡེང་བསྐྱོད་མཐུན་ཚོགས་ཆུ་ཐོག་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག”དངོས་སུ་བཙུགས་པ་རེད། 

“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སྨོས་མ་དགོས་པ་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྟོད་རྒྱུད་དུ་ཆུ་ཐོག་དོན་རྐྱེན་ལ་རོགས་སྐྱོབ་བྱེད་པར་ཁོར་ཡུག་གི་ཆ་རྐྱེན་དང་། དོན་རྐྱེན་ས་ཁོངས། རོགས་སྐྱོབ་སྟོབས་ཤུགས་སོགས་ཕྱོགས་མང་པོའི་ཐད་ཀྱི་ཚོད་འཛིན་ཐེབས་ཀྱིན་ཡོད། “དུས་ཐོག་ཏུ་མི་སྣ་སྐོང་འཐེན་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ཐོལ་བྱུང་གནད་དོན་ཐག་གཅོད་བྱ་རྒྱུ”ནི་རོགས་སྐྱོབ་རུ་ཁག་འཛུགས་པའི་དམིགས་ཡུལ་གཙོ་བོ་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་འབབ་རྒྱུད་ཀྱི་སྤྱི་ཚོགས་སྟོབས་ཤུགས་ལས་གྲུབ་པའི་རོགས་སྐྱོབ་རུ་ཁག་དང་པོ་ཡིན་པའི་ཆ་ནས་ཡུལ་ཤུལ་ཁུལ་གཡེང་བསྐྱོད་མཐུན་ཚོགས་ཆུ་ཐོག་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་བཙུགས་པ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྟོད་རྒྱུད་ཀྱི་སྤྱི་ཕན་རང་བཞིན་གྱི་རོགས་སྐྱོབ་རུ་ཁག་གི་སྟོང་ཆ་གསབ་ཅིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྟོད་རྒྱུད་ཀྱི་ཆུ་ཐོག་འཚོལ་སྐྱོབ་སྟོབས་ཤུགས་ལ་ཁ་གསབ་ནུས་ལྡན་བྱས་ཏེ་བདེ་འཇགས་ཡུལ་ཤུལ་འཛུགས་སྐྱོང་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ། ཞི་མཐུན་སྤྱི་ཚོགས་སྐྲུན་པ་བཅས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གཡེང་བསྐྱོད་མཐུན་ཚོགས་ཆུ་ཐོག་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་ལ་མིག་སྔར་ཁོངས་མི15ཡོད་པ་དང་། རྒྱལ་ཡོངས་ཀྱི་ཆུ་ཐོག་རོགས་སྐྱོབ་མ་ལག་གི་ཆེད་ལས་གསོ་སྦྱོང་དང་ར་སྤྲོད་བྱས་པ་བརྒྱུད། ཡུལ་ཤུལ་གྲོང་ཁྱེར་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཉེ་འཁོར་ས་ཁོངས་ཀྱི་ཆུ་ཁོངས་ཀྱི་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་བཀའ་ལ་སྒུག་ཡོད། གཙོ་བོ་ཆུ་ཐོག་གི་རོགས་སྐྱོབ། ཆུ་ཐོག་གི་སྲོག་སྐྱོབ་དང་གསོ་སྦྱོང་། སྤྱི་པའི་བདེ་འཇགས་གསོ་སྦྱོང་དང་། བློ་འདྲི། ཉེན་ཁ་དོ་དམ་བཅས་དང་། མང་ཚོགས་རང་བཞིན་གྱི་ཆུ་ཐོག་གི་འགྲན་བསྡུར་འགན་ལེན་དང་གཙོ་གཉེར་སྡེ་ཁག་གི་བླང་བྱ་ལྟར་རོགས་སྐྱོབ་བྱེད་སྒོ་སྤེལ་གྱིན་ཡོད་ལ། དེ་དང་ཆབས་ཅིག་འཕྲལ་སྡོམ་མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ་བཏང་ནས་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་ཀྱིས་མང་ཚོགས་ཡོངས་ལ་ཁྱབ་པ་བྱས་ཏེ་མང་ཚོགས་ཀྱི་ཆུར་མི་ལྷུང་བའི་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ཡོད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།