མཱ་ཅི་ཞའོ་ཡིས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་སྔོན་ཧ་ཡང་རྒྱུ་ཆས་བཟོ་གྲྭ་རུ་སོང་ནས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱིས་མི་སྣ་གསོ་སྦྱོང་དང་ལས་རྐང་སྦྱོང་བརྡར། ཁོར་ཡུག་བཅོས་སྐྱོང་བྱ་བ་སྤེལ་བར་ལྟ་ཞིབ་མཛུབ་སྟོན་བྱས།

རྟོག་ཞིབ་བྱེད་སྐབས། མཱ་ཅི་ཞའོ་ཡིས་མཚོ་སྔོན་གྱི་ཧ་ཡང་རྒྱུ་ཆས་བཟོ་གྲྭ་ཐུམ་སྒྲིལ་འཁོར་ཁང་དང་ཚོན་རྩི་གཏོར་བྱུག་འཁོར་ཁང་། ཉི་འོད་ནུས་པའི་འཁོར་ཁང་དུ་སོང་ནས་ལས་བཟོ་བ་དང་མཉམ་དུ་ངལ་རྩོལ་བྱས་པ་དང་། ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱ་བའི་བཀོད་སྒྲིག་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཉན་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ཀྱི་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་བབ་དང་ལས་བཟོ་བ་དང་ལྷག་པར་དུ་དབང་བོ་སྐྱོན་ཅན་ལས་བཟོ་བའི་ཁེ་དབང་འགན་སྲུང་གནས་ཚུལ་དང་། ཁེ་ལས་ཀྱི་ཏང་འཛུགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་བྱ་བ་སྤེལ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས།

མཱ་ཅི་ཞའོ་ཡིས་བསྟན་དོན། ཧ་ཡང་རྒྱུ་ཆས་བཟོ་གྲྭ་ནི་དམིགས་བསལ་གྱི་སྤྱི་དབང་མིན་པའི་ཁེ་ལས་ཡིན་པ་དང་། དབང་བོ་སྐྱོན་ཅན་ལས་བཟོ་བས་ལས་བཟོ་བའི་སྤྱིའི་གྲངས་ཀའི་བརྒྱ་ཆའི་ང་གཅིག་ལྷག་ཟིན་ལ། རྒྱ་ཆེའི་ལས་བཟོ་བས་ཁེ་ལས་ཀྱི་བདེ་ཐང་འཕེལ་རྒྱས་ཐད་བྱས་རྗེས་མི་དམན་པ་བཞག་པས། སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལས་དོན་རྒྱབ་སྐྱོར་ཆེན་པོ་བྱེད་་པ་དང་། དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། དབང་བོ་སྐྱོན་ཅན་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས་ཟེར།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་ལས་ཐོན་སླར་གསོ་བྱེད་པའི་གོ་རིམ་ཁྲོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་བྱེད་པ་དང་། གཉིས་ནས་བདེ་འཇགས་ཐོན་སྐྱེད་ལ་ཧ་ཅང་མཐོང་ཆེན་བྱེད་པ། གསུམ་ནས་སྟོབས་ཤུགས་ཡོད་རྒུས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་ཀྱིས་མང་ཚོགས་ཚོགས་པའི་འཛུགས་སྐྲུན་བྱ་བར་སྣེ་ཁྲིད་བྱེད་པ། བཞི་ནས་ཁྲིམས་ལྟར་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་གནས་ཐིག་གཏན་ཁེལ་བཟང་བོ་བྱེད་པ་དང་། བཟོ་ཚོགས་ཀྱིས་ལས་བཟོ་བར་འབྲེལ་འདྲིས་བྱེད་པའི་དགེ་མཚན་འདོན་སྤེལ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་དཀའ་ཁག་ཐག་གཅོད་པར་རོགས་རམ་བྱས་ཏེ། ཁེ་ལས་ཀྱི་ལས་ཐོན་སླར་གསོ་ཐད་ཕན་མཐོ་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་བཟོ་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།