རྨ་ལྷོ་ཁུལ་གྱིས“ཆུའི”བརྗོད་དོན་དྲིལ་བསྒྲགས་ལག་ལེན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ཀྱི་ཆུ་བདེ་འཇགས་དང་། ཆུ་གྲོན་ཆུང་དམིགས་སུ་འཛིན་པ། ཆུའི་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་མ་ལག་གིས་ཟླ3པའི་ཚེས22ཉིན་སྟ་“འཛམ་གླིང་ཆུའི་ཉིན་མོ”དང་ཟླ3པའི་ཚེས22ཉིན་ནས་ཚེས28ཉིན་བར་གྱི“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་གསུམ་པ་གོ་སྐབས་སུ་བྱས་ནས། ཉིན་འགའི་རིང་ཁུལ་ཡོངས་སུ་བརྗོད་དོན་གཙོ་བོ“ཆུ་གྲོན་ཆུང་དམིགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་བསྐྲུན་པ”ཡི་དྲིལ་བསྒྲགས་ལག་ལེན་བྱ་འགུལ་སྤེལ་བ་རེད། 

དྲིལ་བསྒྲགས་ལག་ལེན་བྱ་འགུལ་ནང་ཁུལ་དེའི་རྫོང་བཞི་པོས་ཁུལ་གྱི་གཙང་པོ་དང་མཚེའུ་ཡི་ཆུ་དཔོན་དང་གཞུང་སྒྲུབ་ཁང་གི་གྲོས་འགོ་བཏོན་པར་ཁ་གཏད་དེ། ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པའི་བྱ་འགུལ་གྱི་ཇུས་གཞི་བཟོས་ཤིང་། ཁུལ་ཡོངས་སུ་ཆུའི་བཅའ་ཁྲིམས་ཤེས་རྟོགས་དང་། ཆུའི་བེད་སྤྱོད་ལ་མཐོང་ཆེན། གཙང་པོ་དང་མཚེའུ་འཛུགས་སྐྲུན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། རེབ་གོང་རྫོང་གིས་ཆུ་བེད་ཆེད་མཁས་པ་གདན་དྲངས་ནས་ཆུའི་བཅའ་ཁྲིམས་དང་། ཆུ་ལོག་སྔོན་འགོག་བཅའ་ཁྲིམས། ཆུ་དཔྱད་སྲོལ་ཡིག་བཅས་སྒྲོག་འགྲེལ་བྱས་ཤིང་། “འཛམ་གླིང་གི་ཆུའི་ཉིན་མོ་དང་ཚེ་སྲོག་གི་འབྱུང་ཁུངས་སྲུང་བའི”འབྲེལ་ཡོད་ཤེས་བྱ་དང་། “མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་གྲོན་ཆུང་དོ་དམ་བྱ་ཐབས”ཀྱི་དྲིལ་བསྒྲགས་ཁྱབ་བརྡ་སྦྱར་ཏེ། ཆུ་གྲོན་ཆུང་དམིགས་སུ་འཛིན་པ་དང་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་སྐྲུན་པའི་འདུ་ཤེས་ཐད་ཀར་མངོན་ཡོད། གཅན་ཚ་རྫོང་གིས་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཕྱི་རོལ་གྱི་བརྙན་ཤེལ་ཆེན་མོ་དང་འགྲུལ་སྐྱེལ་རླངས་འཁོར་སོགས་སྒུལ་བདེའི་སྨྱན་སྦྱོར་བརྒྱུད་བརྗོད་དོན་གཙོ་བོའི་འབོད་ཚིག་བསྒྲགས་ཤིང“འཁྱུག་དབྱངས”སོགས་སྟེགས་བུར་བརྟེན་ནས་དྲ་ཐོག་དྲིལ་བསྒྲགས་བྱས། རྩེ་ཁོག་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་མི5ཡི་སྒྲོག་འགྲེལ་ཡན་ལག་རུ་ཆུང་མངགས་ནས་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་དང་སྡེ་ཁུལ་དུ་དྲིལ་བསྒྲགས་ལག་ལེན་བྱ་འགུལ་སྤེལ་བ་དང་། ཞིང་འབྲོག་པར་ཆུ་ཐེངས་མང་དུ་བེད་སྤྱོད་བྱེད་པ་དང་། ཡང་དང་བསྐྱར་དུ་བེད་སྤྱོད་བྱེད་པ། ཆུ་འཕྲོ་བརླག་མི་གཏོང་བ་བཅས་ལ་ཁྲིད་སྟོན་བྱས། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་ན་གཞོན་དང་བླངས་པ12སྒྲིག་འཛུགས་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ། ཤང་དང་གྲོང་རྡལ་ཁག་གི་གྲོང་ཚོ་དང་མཉམ་ལས་ཁང་གི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་མང་ཚོགས་ལ་ཆུའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཆུ་ལོག་དང་ཐན་སྐྱོན་སྔོན་འགོག གཙང་པོ་དང་མཚེའུ་ཆུ་དཔོན་ལས་དོན། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སོགས་ནང་དོན་སྐོར་གྱི་དཔྱད་ཡིག4180སྤྲད་པ་དང་། མང་ཚོགས་ལ་ཆུ་བཅོས་དང་དོ་དམ། ཆུ་རྒྱས་ཆུ་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས། 

དུས་མཚུངས་སུ་ཁུལ་དེའི་གཉེན་ཐོག་དང། ཁམས་ར། ཉིན་མཐའ་སོགས་ཤང་གྲོང་དུ“ཆུ་གྲོན་ཆུང་དང་ཆུ་སྲུང་སྐྱོབ”དང“གཙང་པོ་དང་མཚེའུ་སྲུང་སྐྱོང”སོགས་བྱ་འགུལ་རིམ་པ་སྔ་རྗེས་སུ་སྤེལ་ཞིང་། རོང་བོ་གྲོང་བརྡལ་གྱིས་མི་ཆིག་སྟོང་ལྷག་ཙམ་རྩ་འཛུགས་བྱས་ནས་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་སྟེ་དགུ་ཆུའི་ཆུ་ལམ་དང་ངོགས་གཉིས་གཅིག་སྡུད་ཐོག་གཙང་དག་བྱས་པས་ཆུ་དེ་བས་དྭངས་ཤིང་ངོགས་གཉིས་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།