མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་འཇལ་བ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་གསར་བ་བླངས་ཡོད། ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་སྲིད་འཛིན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཐབས་ཇུས་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དྲང་གཞག་ཤེས་དཔལ་གྱི་ཁྲིམས་འཛིན་ནན་མོ་བྱེད་པ། སྲིད་དོན་ཡོངས་བསྒྲགས་དང་སྲིད་དོན་ཞབས་ཞུར་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་ནུས་ལྡན་བྱེད་པ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བཅས་བྱས་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔའི”འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”ཡིས་སྣེ་ཁྲིད་ཇེ་དྲག་ཏུ་བཏང་བ་བརྒྱུད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་དང་། གནད་འཕིགས་ཀྱི་བཅའ་ཁྲིམས་ཞབས་ཞུ། ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བཅས་མཁོ་འདོན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ནི་སྲིད་གཞུང་གི་སྤྱི་པའི་འགན་ནུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་རང་བཞིན་དང་། ཞབས་ཞུ་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ལས་དོན་ཡིན་ཞིང་། དེའི་སྟབས་ཀྱིས་ཞབས་ཞུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཞབས་ཞུ་མཁོ་འདོན་མུ་མཐུད་དུ་རྒྱ་བསྐྱེད་གཏོང་བ་དང་མཉམ་དུ་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ནང་དོན་དང་། རྣམ་པ། མཁོ་སྤྲོད་བྱེད་སྟངས་བཅས་གསར་གཏོད་བྱེད་པ། ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་ཆེ། ཆ་སྙོམས་ཀུན་ཕན་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་དགོས། མང་ཚོགས་དང་ཉེ་བར་བཅར་བ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་གཡུལ་ས་དང་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དུ་ཁྱབ་པར་བྱེད་དགོས། རྣམ་པ་བཟང་པོ་གཏོད་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། “དྲ་སྦྲེལ+ཁྲིམས་སྐྱོང་དྲིལ་བསྒྲགས”ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་མི་དམངས་མང་ཚོགས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པ། རྩོད་གཞིར་འཕྲད་པའམ་ཡང་ན་སེམས་མི་སྐྱིད་པའི་དོན་དག་ལ་འཕྲད་སྐབས། ཐོག་མར་བཅའ་ཁྲིམས་ཀྱི་ཐབས་ལམ་བདམས་ནས་ཐག་གཅོད་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།