མཚོ་ནུབ་ཁུལ་གྱི་རིམས་ནད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཐོག་མར་ཁྲིམས་ཐག་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་ཏུའུ་ལེན་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་རིམས་འགོག་རིང་ཁ་རས་བསླུ་འཚོང་བྱེད་པའི་གྱོད་གཞི་ཞིག་ཞིབ་གཅོད་བྱས། འདྲི་གཅོད་དང་པོས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ4བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། འདི་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རིམས་འགོག་རིང་ཁྲིམས་ར་དེ་གར་ཐག་གཅོད་བྱས་པའི་རིམས་ནད་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཐོག་མ་རེད། གྱོད་གཞི་དེ་གྱོད་ཐོ་བཀོད་པ་ནས་ཁྲིམས་ཐག་བཅད་པའི་བར་ཉིན4ལས་འགོར་མེད་ཅིང་། མགྱོགས་མྱུར་ངང་འདྲི་གཅོད་བྱེད་སྟངས་སྤྱད་དེ་བྱེད་ཐབས་ནན་མོས་ཁྲིམས་འཛིན་གྱི་དབང་གྲགས་མངོན་པར་བྱས་ཡོད།

ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ2པའི་ཟླ་འགོའི་རིམས་འགོག་རིང་། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོས་ཁ་རས་བྲིན་པོ་ཡོད་པ་ཤེས་ནས་བསླུ་འཚོང་རྒྱག་འདོད་སྐྱེས། ཁོས་སྔོན་ལ་ཕབ་ལེན་བྱས་པའི་ཤན་ཐའོ་གྲོང་ཁྱེར་ཧྭ་ཞ་རྒྱན་གོས་ཚད་ཡོད་ཀུང་སིས་དྲ་རྒྱ་བརྒྱུད་དེ་ཁ་རས་ཕྱིར་འཚོང་བྱེད་པའི་པར་རིས་བེད་སྤྱད་དེ། ཁ་རས་ཕྱིར་ཚོང་གི་ཆ་འཕྲིན་རྫུས་བཟོ་བྱས་ནས། སྐད་འཕྲིན་གྲོགས་ཚོམས་ནང་ཁ་རས་ཕྱིར་ཚོང་གི་བརྡ་ཁྱབ་བཏང་བ་རེད། ཟླ2པའི་ཚེས22ཉིན་ནས་ཟླ3པའི་ཚེས1ཉིན་བར་གནོད་འཚེ་ཕོག་མཁན་པའེ་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོའི་སྐད་འཕྲིན་བརྒྱུད་སྔ་རྗེས་སུ་སྒོར་ཐེངས77ལ་བསྐུར་བ་ཁྱོན་སྒོར102472ཀྱིས་ཁ་རས་ཉོས། གནོད་འཚེ་ཕོག་མཁན་མཱ་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོའི་སྐད་འཕྲིན་བརྒྱུད་ཁྱོན་སྒོར3500ཡིས་ཁ་རས་ཉོས། དེའི་རྗེས་ཀྲང་ཆེ་གེ་མོས་གནོད་འཚེ་ཕོག་མཁན་གཉིས་ལ་འབྲེལ་ཐག་བཅད་པ་དང་སྐད་འཕྲིན་ཡང་བརྗེས། ཕྱིས་སུ་གནོད་འཚེ་ཕོག་མཁན་གྱིས་ཉེན་རྟོགས་ཕྱོགས་ལ་གཏུག་པར་སེམས་ཁྲལ་བྱས་ཏེ་གྱོད་གཞི་མ་ཐོན་གོང་གྱོད་དངུལ་ནང་ནས་སྒོར44661ཕྱིར་སློག་བྱས་པ་དང་། དེ་ལས་གཞན་པའི་སྒོར་ཚང་མ་དངོས་ཟོག་ཉོ་སྒྲུབ་དང་བག་མེད་ལོངས་སྤྱོད་ཐད་སྤྱད་པ་རེད།

ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོས་རིམས་འགོག་རིང་ཁྲིམས་འགལ་ངང་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། དྲ་རྒྱའི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པ་དང་། གྲངས་འབོར་ཧ་ཅང་ཆེ་བས་མགོ་སྐོར་གཡོ་ལེན་བྱས་པའི་ནག་ཉེས་བསགས་ཡོད། ཁྲིམས་ལ་སྦྱར་རྗེས་རང་ཉིད་ཀྱི་བྱས་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། གནོད་འཚེ་ཕོག་མཁན་སོ་སོའི་གྱོང་གུན་དངུལ་གྲངས་ཚང་མ་རྩིས་སྤྲོད་བྱས་པ་དང་སྦྲགས། རང་མོས་ཀྱིས་རང་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་བྱས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོར་དུས་བཅད་བཙོན་འཇུག་ལོ4ཡི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་སྒོར30000བཅད་པ་རེད།

གྱོད་གཞི་དེར་དམིགས་ནས། གྱོད་སྒྲུབ་ཁྲིམས་དཔོན་གྱིས་ཉེ་བའི་ལོ་ཤས་རིང་ཉེས་གསོག་པས་དྲ་རྒྱའི་སྤྱི་ཚོགས་འབྲེལ་བ་སོགས་སྟེགས་བུ་བརྒྱུད་དེ་མགོ་སྐོར་གཡོ་ལེན་བྱེད་པའི་གྱོད་གཞི་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྤྱི་དམངས་ཀྱིས་དྲ་རྒྱའི་སྤྱི་ཚོགས་འབྲེལ་བ་དང་དྲ་ཐོག་ཟོག་ཉོ་བྱེད་སྐབས་གཟབ་ནན་བྱེད་དགོས་པ་དང་རིམས་འགོག་རིང་ཚད་ལྡན་གྱི་ཐབས་ལམ་སྤྱད་དེ་འགོག་སྲུང་དངོས་ཟོག་ཉོ་དགོས་པ་ལས་སྐད་འཕྲིན་ཚོགས་པ་དང་། QQཚོགས་པ། གྲོགས་ཚོམས་སོགས་སྟེགས་བུས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་ཡིད་ཆེས་བྱེད་མི་རུང་ཞེས་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།