སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིེན། གསར་འགོད་པས་ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་སྐབས་བཅུ་དགུ་པའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། སྐབས་འདིའི་མཚོ་བསྐོར་འགྲན་བསྡུར་གྱི་རིམ་པ་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་འགྲན་བསྡུར་ལམ་སྲོལ་དང་། སྒྲིག་འཛུགས་ཨུ་ལྷན་གྱི་འཁོར་སྐྱོད་ལམ་སྲོལ། ཚོང་འགུགས། དྲིལ་བསྒྲགས་སོགས་ཕྱོགས་མང་པོར་འགྱུར་ལྡོག་འགྲོ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་བཅུ་དགུ་པའི་མཚོ་བསྐོར་འགྲན་བསྡུར་དེUCIལས་རིགས་མུ་འབྲེལ་འགྲན་བསྡུར་དུ་རིམ་སྤོར་བྱ་རྒྱུ་ཡིན་པ་དང་། UCIཡི་གཏན་འབེབས་གཞིར་བཟུང་འགྲན་དུམ་དེ་འགྲན་དུམ8ལ་ལེགས་སྒྲིག་བྱས་ནས“རྫོགས་ལྡན་གཟའ་འཁོར་འགྲན་བསྡུར”ཞིག་ཏུ་འགྱུར་རྒྱུ་རེད། འགྲན་བསྡུར་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ད་ལོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་དེ་མཚུངས་ཀྱི་ལེགས་སྒྲིག་བྱས་པ་དང་། དེ་སྔའི་ལས་དོན་ཚོགས་ཆུང11ནས་ལས་དོན་ཚོགས་ཆུང6ལ་ལེགས་སྒྲིག་བྱ་རྒྱུ་དང་། དེ་སྔའི་དྲུང་ཡིག་ཚོགས་ཆུང་དང་ཕྱི་དོན་ཚོགས་ཆུང་དེ་དྲུང་ཡིག་ཚོགས་ཆུང་དུ་སྒྲིལ་རྒྱུ། དེ་སྔའི་འགྲན་བསྡུར་ཚོགས་ཆུང་དང་འགྲན་རའི་ལྷུ་ལག་ཚོགས་ཆུང་དེ་འགྲན་བསྡུར་ཚོགས་ཆུང་དུ་སྒྲིལ་རྒྱུ་དང་། དེ་སྔའི་དྲིལ་བསྒྲགས་ཚོགས་ཆུང་དང་ཚོང་འགུགས་ཚོགས་ཆུང་མཉམ་སྡེབ་བྱ་རྒྱུ། དེ་སྔའི་མཁོ་འདོན་ཚོགས་ཆུང་དང་སྣེ་ལེན་ཚོགས་ཆུང་གཅིག་ཏུ་སྒྲིལ་རྒྱུ། གཞན་འཁོར་རིགས་ཚོགས་ཆུང་དང་བྱེད་སྒོའི་ཚོགས་ཆུང་མི་འགྱུར་བར་བྱས་ཡོད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་བཅུ་དགུ་པའི་མཚོ་བསྐོར་འགྲན་བསྡུར་ནི་རིམ་སྤོར་བྱས་རྗེས་ཀྱི་འགྲན་བསྡུར་ཐེངས་དང་པོ་ཡིན་ལ། UCIལས་རིགས་འགྲན་བསྡུར་ཀྲུང་གོ་ནས་གཉེར་བ་ཐོག་མ་ཡང་རེད། འགྲན་བསྡུར་ལམ་ལུགས་ཀྱི་འགྱུར་ལྡོག་གིས་འགྲན་བསྡུར་ལ་འགྲན་སློང་གསར་པ་རབ་དང་རིམ་པ་བསུས། ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གི་ལས་དོན་ཚོགས་ཆུང་ཁག་ལ་མཚོ་བསྐོར་འགྲན་བསྡུར་དེUCIལས་རིགས་མུ་འབྲེལ་འགྲན་བསྡུར་དུ་རིམ་སྤོར་བྱས་རྗེས་ཀྱི་འགྱུར་ལྡོག་ཤེས་རྟོགས་གང་ལེགས་བྱས་ཏེ་གནས་ས་གཏན་འཁེལ་དང་འཕེལ་ཕྱོགས་ཁ་གསལ་བཟོ་བ། འགྲན་བསྡུར་རིམ་སྤོར་ལས་བྱུང་བའི་ཆ་རྐྱེན་གང་ལེགས་སྤྱད་དེ་སྐབས་གོང་མའི་འགྲན་བསྡུར་ལས་གོང་འཕེལ་ཆེན་པོ་ཡོང་བར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།