མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད“ཕྱི་ནས་ནང་མཆེད”འབྱུང་བར་ནན་འགོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།ཟླ3ཚེས22ཉིན་གྱི་ཆུ་ཚོད24ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་། ས་ཁུལ། སྲིད་འཛིན་ཨུ་ལྷན)45ཚང་མ་རྒྱུན་རྣམ་གྱི་འགོག་སྡོམ་ལ་བསྒྱུར་རྗེས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱས་ཏེ་འགན་འཁྲི་སྔར་བས་ཆེ་རུ་བཏང་ཡོད། འགོག་སྡོམ་བྱ་ཐབས་དོན་འཁྱོལ་བྱས་ནས་འགོག་སྡོམ་གྱི་ཚད་གཞི་ཇེ་དམའ་རུ་མི་གཏོང་བ་དང་། ནུས་ཤུགས་ཇེ་ཆུང་དུ་མི་འགྲོ་བ། བླང་བྱ་ཇེ་ལྷོད་དུ་མི་གཏོང་བ་བཅས་མུ་མཐུད་དུ་བསྒྲུབས་ནས་ཉེན་ཁའི་དོ་དམ་ཚོད་འཛིན་དང་། མངོན་མེད་རྐྱེན་ངན་ཡོངས་བཤེར། ནད་དཔེ་བརྒྱུད་འདྲེན། གསོ་རིག་ལྟ་ཞིབ། ཆ་འཕྲིན་ཚུར་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རིམས་ནད“ཕྱི་ནས་ནང་མཆེད”འབྱུང་བར་ནན་འགོག་བྱས།

ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྨན་བཅོས་འཕྲོད་བསྟེན་གྱི་གཡུལ་ས་གཙོ་བོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཕྱི་ནས་ནང་མཆེད་འབྱུང་བར་ནན་འགོག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དོགས་ཟོན་དང་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞིས《འགོས་ནད་འགོག་བཅོས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་ལྟར། ནད་ཡམས་འགོག་སྡོམ་སྒྲིག་གཞི་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁྲིམས་ཕབ་འགོས་ནད་སྙན་ཞུ་དང་། སྔོན་བཤེར་ཁག་བགོས་ནད་དཔྱད། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་ལམ་ལུགས་དོན་འཁྱོལ་དང་། འཕྲལ་བསྟུན་ཐག་གཅོད། ནད་དཔེ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། གནམ་ཐང་དང་། མེ་འཁོར་འབབ་ཚུགས། རླངས་འཁོར་འབབ་ཚུགས། སློབ་གྲྭ། ལས་གྲྭ། སྤྱི་པའི་འདུ་ར། འགྲིམ་འགྲུལ་ཡོ་བྱད་སོགས་གཙོ་གནད་ཁུལ་གྱི་འགོག་སྡོམ་བྱ་ཐབས་ལ་མུ་མཐུད་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། མུ་མཐུད་དུ་ཚན་རིག་དང་མཐུན་ཞིང་། ཚད་ལྡན་ཡིན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འགོག་སྡོམ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁག་ཐེག་བྱས་པ་རེད། །

གཙོ་གནད་མི་ཚོགས་ཀྱི་དོ་དམ་ཇེ་དྲག་ཏུ་གཏོང་བའི་ཐད། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཕྱི་ཡོང་མི་སྣ་དང་ཕྱིར་ལོག་མི་སྣའི“ཕྱི་ནས་ནང་མཆེད་འགོག་པའི”འགག་སྒོ་ནན་མོར་བསྲུངས་ནས། གཙོ་གནད་རིམས་ནད་ཁུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣར་ཡོངས་བཤེར་དང་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ཏེ། གཙོ་གནད་རིམས་ཁུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་ལོག་མི་སྣར་གཅིག་སྡུད་ཀྱིས་ལོགས་བཀར་བྱ་ཐབས་སྤྱོད་དགོས། སྤྱི་བདེ་དང་། སྒོ་ཁྲལ་ལས་ཁུངས། མཐའ་སྲུང་ཞིབ་བཤེར། རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། ཕྱི་དོན། འཕྲོད་བསྟེན་བདེ་ཐང་། གནམ་ཐང་། མེ་འཁོར་བབས་ཚུགས་སོགས་སྡེ་ཁག་གིས་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཇེ་དྲག་ཏུ་བཏང་ནས་སྲུབས་མེད་འབྲེལ་མཐུད་ཐུབ་པ་བྱས་ཏེ། ཉེན་ཁ་དོ་དམ་ཚོད་འཛིན་དང་། མངོན་མེད་རྐྱེན་ངན་ལེབ་བཤེར། ནད་དཔེ་བརྒྱུད་འདྲེན། གསོ་རིག་ལྟ་ཞིབ། ཆ་འཕྲིན་ལྡོག་སྐྱེལ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།