ཟླ1པོ་ནས2པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་བརྟན་འཇགས་ངང་འགོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས19ཉིན་འཚོགས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས“ཕྱོགས་གཉིས་ཀ་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་འགྲོ་བ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་མཐའ་འཁྱོངས་བྱས་ནས། ཟླ1པོ་ནས2པའི་བར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་བརྟན་འཇགས་ངང་འགོ་བཙུགས་ནས། དཔྱིད་རྨོའི་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཕྱུགས་ལས་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་བརྟན་འཇགས་ཀྱིས་རྒྱུན་འཁྱོངས་བྱས་པས། “ཚལ་སླེའི”མཁོ་སྤྲོད་བརྟན་འཇགས་བྱུང་ཡོད་པ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་བཟང་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་དུས་ཚོད་དམ་འཛིན་བྱས་ཏེ་རྨོད་གྲབས་དཔྱིད་འདེབས་ཐོན་སྐྱེད་དུས་ཚོད་དམ་འཛིན་བཟང་པོ་བྱས་ཡོད། ཞིང་སྤྱོད་དངོས་རྫས་སྐྱེལ་འདྲེན“བཀག་མེད་བགྲོད་ལམ”ཤར་གཏོང་བྱས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཞིང་སྤྱོད་དངོས་རྫས་ཀུང་སི་ཚང་མས་ལས་འགོ་བསྐྱར་འཛུགས་བྱས། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་དང་། ཞིང་སྨན་ལུད་རྫས། ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་ཀྱིས་དཔྱིད་རྨོད་ཀྱི་དགོས་མཁོ་བསྐངས་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཤར་རྒྱུད་ནས་ནུབ་རྒྱུད་དང་གཙང་ངོགས་ནས་རི་སྒང་བར་གྱི་དཔྱིད་རྨོད་ཐོན་སྐྱེད་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་དཔྱིད་འདེབས་ལོ་ཏོག་སྤྱི་ཆིང་ཁྲི2.33ཟིན་པ་དང་དགུན་གྲོ་སྤྱི་ཆིང་ཁྲི1.13སྔོ་ལྗང་དུ་སྒྱུར་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་འཇགས་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱས་ནས་ནོར་ལུག་གིས་བེའུ་དང་ལུ་གུ་བཙའ་བའི་གནས་ཚུལ་ན་ནིང་གི་དུས་མཚུངས་ལས་བཟང་པོ་ཡོད་པ་དང་། ཕག་གསོའི་ཐོན་སྐྱེད་རྒྱུན་མཐུད་ངང་སླར་གསོ་ཐུབ་པས། ཕག་གི་འཕེལ་ཚད་དང་དང་མོ་ཕག་འཕེལ་བའི་གྲངས་ཚད་ཟླ་བ་གཉིས་ལ་བསྟུད་མར་འཕར་ཡོད་པ་རེད། འོ་ལས་ཐོན་སྐྱེད་བརྟན་འཇགས་ངང་རྒྱུན་འཁྱོངས་ཐུབ་པ་བྱས་ནས་འོ་མ་དང་བྱ་སྒོང་ཐོན་ཚད་དུས་མཚུངས་ལས་སོ་སོར4.29%དང7.2%ཀྱིས་འཕར་ཡོད་པ་རེད།

གཞན་ཡང་ཞིང་ཆེན་ཡོངས་ཀྱི་དྲོད་ཁང་སྒྲིག་ཆས85%དགུན་དུས་སྔོ་ཚལ་ཐོན་སྐྱེད་བྱས་པ་དང་སྔོ་ཚལ་ཉིན་རེར་ཆ་སྙོམས་ཀྱིས་ཏུན1500ཐོན་སྐྱེད་བྱས་པ་དང་གསོག་ཉར་འཁོར་རྒྱུག་བྱེད་ཚད་ཏུན་ཁྲི2ལྷག་ཙམ་ཟིན་ཡོད་པ་རེད། ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ924ཡི་རྒྱུན་གཏན་ཐོན་སྐྱེད་གཉེར་སྐྱོང་གཏན་འཁེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས553ཁྲོད་ཀྱི535ལས་འགོ་བཙུགས་པ་དེས96.7%ཟིན་ཡོད། ཚད་གཞི་མཐོ་བའི་ས་ཞིང་དང་། གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བ། དེང་རབས་ཞིང་ལས་ཐོན་ལས་གླིང་། ཤང་སྡེའི་དར་རྒྱས་ཚོད་ལྟའི་སྡེ་བ་སོགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།