ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ལས་ཐོན་བསྐྱར་ཚུགས་རྟོག་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས21ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ལས་ཐོན་བསྐྱར་ཚུགས་རྟོག་ཞིབ་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། རྟོག་ཞིབ་ཚན་ཆུང་གི་ཚོགས་གཙོའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུང་གོ་ཆཱང་གིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་བཅས་ཚོགས་འདུར་ཕེབས་པ་རེད།

ལུང་གོ་ཆཱང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་རིམས་ནད་འགོག་སྡོམ་ལ་སྤྱི་འདོམས་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སྔ་ཙམ་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལས་ཐོན་བསྐྱར་ཚུགས་ཀྱི་ངེས་ཚད་དམིགས་ཚད་ཧུར་ཐག་གིས་ཇེ་ལེགས་སུ་འགྲོ་བ། ཐོན་སྐྱེད་དང་འཛད་སྤྱོད་སོགས་འགག་རྩའི་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་ཀྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགན་འཁྲི་འཁུར་ཕོད་པ་དང་། གཞན་གྱི་སྔོན་དུ་སྐྱོད་ཕོད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་ཀྱིས་མཚོན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མའི་དུས་ཚོད་ནང་ཤེས་རྟོགས་བྱུང་བའི་དཀའ་ངལ་གྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་དང་། གནད་དོན་ཐག་གཅོད་བྱས་པ་བརྒྱུད་དེ་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་བཏང་བ་དེ་ཐོག་ནས་འཕྲལ་མར་ཐག་ཆོད་དང་ཐོག་ལྟར་དྲག་ཅིང་རླུང་ལྟར་མྱུར་བའི་ལས་ཀའི་སྤྱོད་ཚུལ་གང་ལེགས་ཀྱིས་མཚོན་ཡོད་གཤིས། དེ་དག་ཚང་མས་རྟོག་ཞིབ་ཚན་ཆུང་ལ་སེམས་འགུལ་དང་སློབ་གསོ་ཆེན་པོ་ཐེབས་སུ་བཅུག་ཡོད། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱས་ནས། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལ་དཀའ་ངལ་གནད་དོན་དང་གྲོས་འགོ་དུས་ཐོག་ཏུ་ཞུ་རྒྱུ་དང་བསྟུན་འབྲེལ་ཡོད་སྡེ་ཁག་ལ་ཧུར་ཐག་གིས་རེ་འབོད་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

ཝང་ཅན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་རྟོག་ཞིབ་ཚོགས་ཆུང་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་གསུང་དོན། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་ཐུགས་ཁུར་ཟབ་བཞེས་དང་རྒྱབ་སྐྱོར་གང་ལེགས་གནང་བ་ཡིན་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་ངར་སེམས་ཆེན་མོ་བསྩལ། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྟག་དཔྱད་ཞིབ་འཇུག་ནི་གོང་རིམ་གྱི་དགོངས་དོན་འོག་རིམ་ལ་བསྒྲགས་པ་དང་འོག་རིམ་གྱི་གནས་ཚུལ་གོང་རིམ་ལ་ཞུ་བའི་བརྟག་དཔྱད་ཞིབ་འཇུག་ཐེངས་ཤིག་ཡིན་པ་དང་། རྩ་བརྟག་ནད་འདྲི་དང་གཞི་རིམ་གྱི་སེམས་ཁྲལ་དཀའ་ངལ་སེལ་བའི་བརྟག་དཔྱད་ཞིབ་འཇུག་ཐེངས་ཤིག་ཡིན་པར་མ་ཟད། དཀའ་ངལ་སེལ་བ་དང་ཁེ་ལས་ལ་དུས་ཐོག་ཆར་པ་སྩོལ་བའི་བརྟག་དཔྱད་ཞིབ་འཇུག་ཐེངས་ཤིག་ཀྱང་ཡིན་སྟབས། ང་ཚོས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་། ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། རྟོག་ཞིབ་ལས་དོན་མཇུག་བསྒྲིལ་བ་ནི་ས་གནས་ཏང་ཨུ་སྲིད་གཞུང་གི་དོན་འཁྱོལ་ལས་དོན་གྱི་འགོ་བརྩམས་པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས“བརྟན་ལྷིང་དྲུག”གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་བྱ་རྒྱུ་ཡིན། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བགྱིས་ནས་སྲིད་ཇུས་ཁྲོད་ནས་གོ་སྐབས་འཚོལ་བ་དང་། ཡིད་ཆེས་འཚོལ་བ། རེ་བ་འཚོལ་བ་བཅས་བྱས་ཏེ་སྲིད་ཇུས་དོན་འཁྱོལ་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱ་རྒྱུ། རིམས་བབ་འགོག་སྡོམ་གྱི་རྒྱུད་སྐུད་དམ་པོར་འཛིན་པ་དང་། ཕྱི་ནས་ནང་མཆེད་འབྱུང་བར་ནན་འགོག་བྱས་ཏེ། ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ། སྔོན་ལ་ཐབས་ཇུས་ཡག་པོ་བཟོ་བ་དང་། རང་འགུལ་གྱིས་དམག་འཐབ་རྒྱག་པ། མཉམ་སྡེབ་ཀྱིས་ཁུ་ཚུར་གཞུས་ནས་གྲོང་གསེབ་དང་གྲོང་ཁྱེར་རིམས་འགོག་ལས་རྒྱལ་ཁ་ལེན་པར་སྐུལ་སློང་དང་། སྤྱི་ཚོགས་ཡོངས་རིམས་ནད་ཀྱི་ཤུགས་རྐྱེན་ཁྲོད་ཕྱིར་ཐོན་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།