ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་ཁྲིམས་འགལ་འཕྲིན་གཏོང་དྲ་རྒྱ་བེད་སྤྱོད་བྱས་ཏེ་ཁྲིམས་འགལ་ཉེས་གསོག་གཡོ་ཇུས་ལ་སྔར་བས་དོགས་ཟོན་དང་རྡུང་རྡེག་བཏང་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་བྱ་ཐབས་ནུས་ལྡན་སྤྱད་དེ་གློག་འཕྲིན་དང་དྲ་རྒྱའི་གཡོ་ཇུས་བཅོས་སྒྲིག་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།
ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་ཁ་པར་སྤྱོད་མཁན་གྱི་དངོས་མིང་ཐོ་འགོད་ལས་དོན་གྱི་བླང་བྱ་སྔར་བས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁེ་ལས་པའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་ཁ་པར་གྱི་དངོས་མིང་ཐོ་འགོད་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་དམངས་ཕན་ཞབས་ཞུའི་བྱ་ཐབས་ལ་འགན་ལེན་བཟང་པོ་བྱས་ཏེ་ནན་ཏན་གྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཡོད། གྲངས་གཞི་ཆེན་པོའི་དཔེ་དབྱིབས་སོགས་ཀྱི་ལག་རྩལ་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་གཡོ་ཇུས་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པར་ལྟ་ཞིབ་ཚད་ལེན་དང་། གསར་རྙེད། བཀག་འགོག ཐག་གཅོད་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཡུལ་སྐོར་ལྟ་ཞིབ་ཚད་ལེན་གྱི་འགག་སྒོ་དང་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་།
མིག་སྔའི་བར་ཟིང་སློང་ཁ་པར་ཁྲི194.7ལྷག་ཙམ་བཀག་པ་དང་། གད་སྙིགས་འཕྲིན་ཐུང་ཁྲི116.9ལྷག་ཙམ་བཀག་ལ། ཉེན་ཁ་དང་དོགས་གཞི་ཡོད་པའི་གཡོ་ཇུས་ཨང་གྲངས་778ཀྱི་སྒོ་བརྒྱབ། དེ་དང་ཆབས་ཅིག་སྤྱི་བདེ་ལས་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ནན་ཏན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལས་རིགས་མང་པོས་གཡོ་ཇུས་ལ་ངོ་རྒོལ་བྱེད་པའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་གློག་འཕྲིན་དྲ་རྒྱའི་གཡོ་ཇུས་ཆ་འཕྲིན་ཁུངས་སྣེར་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་སྤྱི་བདེ་ལས་ཁུངས་ལ་ཚད་མཐོའི་གཡོ་ཇུས་འཐེན་པའི་ཁ་པར180མཁོ་འདོན་བྱས་པ་དང་། གཡོ་ཇུས་འཐེན་པའི་དོགས་ཡོད་འཕྲིན་ཐུང་ཁྲི20.8ཡོད་ལ། རྨང་གཞི་དྲ་ཚིགས་རྫུས་མའི་ཆ་འཕྲིན་ཐེངས217བཅས་ཡོད་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ཁ་ཐུམ་རྫུན་མ་སོགས་རིམས་འགོག་དངོས་རྫས་དང་། མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་ཕྱིར་སློག་དང་སྤ་སེར་བཟོ་བཅོས་རྒྱག་པ་སོགས་ཀྱི་གཡོ་ཇུས་འཐེན་པའི་ཉེན་ཁའི་ངན་ཇུས་གསར་པར་དམིགས་ཏེ་དུས་ཐོག་ཏུ་དྲན་སྐུལ་གསལ་འདེབས་བྱས་པ་དང་བསྡོམས་རྩིས་བྱས་ན་གཡོ་ཇུས་ལ་ངོ་རྒོལ་བྱེད་པའི་སྤྱི་ཕན་འཕྲིན་ཐུང་ཁྲི634ལྷག་ཙམ་བཏང་བས་སྤྱི་དམངས་ཀྱི་རང་ངོས་སྲུང་སྐྱོང་དང་རང་ངོས་དོགས་ཟོན་གྱི་འདུ་ཤེས་ཇེ་མཐོར་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་གློག་འཕྲིན་དྲ་རྒྱའི་གཡོ་ཇུས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ།