ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་ལ་དམིགས་ནས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོབ། རྨོ་བསྐྱུར་ནགས་གསོ་རྩྭ་གསོ། བྱེ་འགོག་བྱེ་བཅོས། རྩྭ་ཐང་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་འགོད་གལ་ཆེན་མུ་མཐུད་དུ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཆིང་ཁྲི592ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ཡོད།
ཉེ་བའི་ལོ་འགའི་རིང་། ཐེངས་དང་པོ་དང་གཉིས་པའི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེནཡོངས་སུ་རིམ་རྩིས་བྱས་ན་ནགས་ཚལ་སྤྱི་ཆིང786926.6བསྐྲུན་པ་དང་། ལས་གྲྭའི་ཁུལ་དུ་ནགས་ཚལ་ཁྱབ་ཚད4.92%ནས11.1%བར་མང་དུ་ཕྱིན་ཡོད། རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་ཚད་གཉིས་ཀ་འཕར་ནས་ནགས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་སླར་གསོ་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་དང་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ཇེ་བཟང་། སྤྱི་ཚོགས་འཕེལ་རྒྱས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་བཅས་མངོན་ནས། ཁྱོན་ཡོངས་ནས་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་སླར་གསོ་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན། འགན་དབང་ཁ་གསལ་བཅས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་མ་ལག་རིམ་བཞིན་བཙུགས་ཡོད།
དེའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནགས་དཔོན་ལམ་ལུགས་དང་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་སོགས་ཀྱི་ལམ་ལུགས་བཙུགས་ཤིང་། ནགས་ཁུལ་གྱི་རིག་ནུས་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས་དོ་དམ་སྲུང་སྐྱོང་སོགས་ཐད་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་གཏོང་ཤུགས་ཆེ་རུ་བཏང་སྟེ་དོ་དམ་སྲུང་སྐྱོང་མི་སྣའི་དོ་དམ་ལམ་ལུགས་དང་ལྷན་དུ་དོ་དམ་བྱེད་པའི་ལམ་སྲོལ་བཙུགས་ཤིང་འཐུས་ཚང་དུ་བཏང་། རང་བྱུང་ནགས་ཚལ་དེ་སྤྱོད་སྒོ་གཞན་དག་ལ་བསྒྱུར་བར་ཚོད་འཛིན་ནན་མོ་བྱས་ཡོད་དེ། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། སྤྱི་པའི་བྱ་གཞག དམངས་འཚོའི་རྣམ་གྲངས་སོགས་ཀྱིས་གཙོ་གནད་སྲུང་སྐྱོང་བྱ་ཡུལ་ལས་གཞན་པའི་རང་བྱུང་ནགས་ཚལ་ས་ཁུལ་བེད་སྤྱོད་བྱེད་པར་བཅའ་ཁྲིམས་ལྟར་འགྲོ་ལུགས་སྒྲུབ་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོའི་འཆར་འགོད་བཟོས་ནས་ཞན་འགྱུར་ནགས་ཁུལ་ཡང་སྐྱེ་ཁམས་ཉམས་གསོའི་ཁྱབ་ཁོངས་སུ་བསྡུས་ཡོད། མཐོ་གྲང་རི་ཁུལ་གྱི་རང་བྱུང་ནགས་ཚལ་ལ་ལག་རྩལ་ཞིབ་འཇུག་དང་ཕན་འབྲས་ལྟ་ཞིབ་ཚད་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་གསུམ་རང་བྱུང་ནགས་ཚལ་གཞི་གྲངས་མཛོད་བཙུགས་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》ཞིབ་འཇུག་བྱས་ནས་བཟོས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་དེ་ཕན་འབྲས་དཔྱད་ཞིབ་ལྟ་སྐུལ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར། འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་གདེང་འཇོག་བཅས་ཀྱི་ཚད་གཞི་ནང་བཅུག་ཡོད། རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་གནོད་སྐྱོན་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ལ་སྐྱིན་ཚབ་འཇལ་རྒྱུ་དེ་སྤྱི་ཚོགས་ཡིད་རྟོན་ཆ་འཕྲིན་དོ་དམ་སོགས་ཀྱི་གཏན་འབེབས་ནང་བཅུག་སྟེ། སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་མ་ལག་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་སྔར་ལས་མང་བའི་ལྗང་མདོག་གིས་གཙང་པོའི་ཆུ་འགོར་སྲུང་སྐྱོང་བྱས་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྤྱི་ཆིང་ཁྲི592ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཐུབ་ཡོད།